མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

དུས་དབང་ཞུ་རྒྱུར་དམ་བསྒྲགས་བྱེད་མེད་ཟེར་བ་དེ་ནི་ཧམ་བཤད་ཁོ་ན་རེད།

༢༠༡༧ ཟླ་ ༡ ཚེས་ ༨ རེས་གཟའ་ཉི་མ།

%e0%bc%a1༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་གནས་མཆོག་རྡོ་རྗེ་གདན་དུ་དུས་དབང་ཐེངས་ ༣༤ པའི་སྔོན་འགྲོའི་གསུང་ཆོས་ཉིན་བཞི་པའི་བར་སེང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་དྲིལ་བསྒྲགས་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་པ་ཡོངས་ལ་འཚམས་འདྲི་ཞུས་པ་དང་སྦྲགས་གསུང་དོན། གནས་མཆོག་འདིར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་ཞིག་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་དང་ཡོན་བདག་ཁག་གཅིག་གིས་ཐེངས་འདིར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གོ་སྒྲིག་ཞུས་ཐུབ་པ་ནི་ཧ་ཅང་བསོད་ནམས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ༸གོང་ས་མཆོག་གི་སྐུ་མདུན་ནས་བཀའ་ཆོས་ཞུ་རྒྱུའི་གོ་སྐབས་ཐོབ་མཁན་རྣམས་ནི་ཧ་ཅང་བསྐལ་པ་བཟང་པོ་ཞིག་རེད། འདིར་བཀའ་ཆོས་ཞུས་རྗེས་སེམས་དུལ་བའི་ཐོག་ནས་མི་བཟང་པོ་ཞིག་ཆགས་ཏེ་སོ་སོའི་གནས་ཡུལ་རྒྱལ་ཁབ་ཏུ་ཕྱིར་ལོག་རྗེས་འཛམ་གླིང་ནང་བྱམས་བརྩེ་དང་ཞི་བདེ་གོང་འཕེལ་གཏོང་ཐབས་གནང་དགོས། ཞེས་སོགས་གསུངས་པ་དང་འབྲེལ། སྲིད་སྐྱོང་མཆོག་གིས་སླར་ཡང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་སོང་།pc

དེ་རྗེས་དྲི་བ་དྲིས་ལན་གྱི་ལས་རིམ་སྐབས་སྲིད་སྐྱོང་མཆོག་ལ་གསར་འགོད་པ་ཞིག་གིས་ཉེ་ཆར་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་གཙོ་འཛིན་གཞོན་པས་བོད་ནས་རྒྱ་གར་དུ་གནས་མཇལ་དུ་འགྲོ་མཁན་བོད་མི་ཚོར་དུས་དབང་ཞུ་རྒྱུར་དམ་བསྒྲགས་བྱས་མེད་སྐོར་དང་། གལ་ཏེ་བཀག་བསྡོམས་བྱེད་རྒྱུ་ཡིན་ན་ཕྱིར་བསྐྱོད་ལག་འཁྱེར་སྤྲད་ཀྱི་མ་རེད་ཅེས་བཤད་པ་དེར་བོད་མིའི་སྒྲིགས་འཛུགས་ནས་ལན་འདེབས་ཇི་ཡོད་སྐོར་གྱི་དྲི་བར་ལན་འདེབས་གནང་དོན། རྒྱ་ནག་གཞུང་གིས་དེ་སྔ་ལོ་རྒྱུས་ཐོག་ནས་རྫུན་དང་ཧམ་བཤད་བྱས་ཏེ་བོད་བཙན་བཟུང་བྱས་པ་རེད། རྒྱ་ནག་གཞུང་གི་ད་ལན་གནས་མཇལ་དུ་ཕེབས་མཁན་བོད་མི་རྣམས་ལ་བཀག་བསྡོམས་་བྱས་མེད་ཟེར་བ་དེ། ཁུངས་ལུང་མེད་པའི་ཧམ་བཤད་རང་རེད། རྒྱ་གར་དང་བལ་ཡུལ་སོགས་སུ་གནས་སྐོར་དུ་ཡོང་མཁན་བོད་མི་སྟོང་ཕྲག་ཁ་ཤས་ཕེབས་ཡོད་པ་དེ་དག་དུས་དབང་འགོ་བཙུགས་པའི་མཚམས་དེར་ཕྱིར་ལོག་བྱེད་དགོས་པའི་གནས་སྟངས་ཆགས་པ་དེས། རྒྱ་ནག་གཞུང་ནས་དམ་བསྒྲགས་བྱས་པའི་དཔང་རྟགས་ཧ་ཅང་གསལ་པོ་ཡིན། རྒྱ་ནག་གཞུང་གིས་དུས་རྟག་ཏུ་བོད་མིར་ཆོས་དད་དང་གཏམ་བརྗོད་རང་དབང་ཡོད་ཅེས་ཤོད་བཞིན་ཡོད་ཀྱང་། དེ་ལས་ལྡོག་སྟེ་བོད་མི་རྣམས་རྒྱ་གར་སོགས་སུ་གནས་མཇལ་དུ་བསྐྱོད་ཆེད་ལོ་མང་ནས་ཐབས་ཤེས་འདྲ་མིན་བརྒྱུད་ཕྱིར་བསྐྱོད་ལག་འཁྱེར་ཐོབ་ཐབས་བྱེད་དགོས་པའི་གནས་སྟངས་ཆགས་ཡོད།pc2

ཐེངས་འདིར་རྒྱ་ནག་གཞུང་གིས་བོད་མི་གནས་མཇལ་བ་ཚོར་གློ་བུར་དུ་དུས་དབང་འགོ་མ་བཙུགས་གོང་ཕྱིར་ལོག་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཕྱིར་ལོག་མ་བྱས་ཚེ་ནང་མི་དང་ཁག་ཐེག་བྱེད་མི་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས་ཕྱིར་ལོག་བྱས་པ་ནི་དངོས་ཡོད་གནས་ཚུལ་ཆགས་ཡོད། འདི་ནི་སྦ་གསང་བྱེད་ཐབས་མེད་པའི་གནས་ཚུལ་ཞིག་ཆགས་ཡོད། བོད་མི་ཚོར་ཕྱིར་བསྐྱོད་ལག་འཁྱེར་སྤྲད་རྒྱུར་ཧ་ཅང་དམ་བསྒྲགས་བྱེད་བཞིན་ཡོད། ངས་གོ་ཐོས་བྱུང་བ་ལྟར་ན་ལོ་ལྟར་རྒྱ་རིགས་ས་ཡ་མང་པོ་ཡུལ་སྐོར་སྤྲོ་ འཆམ་པ་བྱས་ཏེ་འཛམ་གླིང་ཡོངས་ལ་འགྲོ་ཐུབ་ཀྱི་ཡོད། འོན་ཀྱང་བོད་མི་བརྒྱ་ཆ་ ༩༠ ལ་ཕྱིར་བསྐྱོད་ལག་འཁྱེར་སྤྲད་མེད་པ་ཐག་བཅད་ནས་བཤད་ཐུབ་པ་ཞིག་ཆགས་ཡོད། དེར་བརྟེན་ཕྱིར་བསྐྱོད་ལག་འཁྱེར་ཐོབ་མཁན་ཉུང་ཤས་ཤིག་ཡོད་པ་དེ་དག་དུས་བཀག་ནང་ཚུན་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་བ་དེས། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ཟེར་རྒྱུ་དེ་ཧམ་བཤད་ཁོ་ན་ཆགས་ཡོད། ཅེས་ཞུ་རྒྱུ་ཡིན། ཞེས་ལན་འདེབས་གནང་རྗེས།
pc3གསར་འགོད་པ་གཞན་ཞིག་གིས་དེ་སྔ་དུས་འཁོར་དབང་ཆེན་སྐབས་བོད་ནས་ཆོས་ཞུ་བ་གང་ཙམ་སླེབས་ཐུབ་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་རྒྱ་ནག་དང་མཉམ་ཞི་མོལ་ཡོང་ཐབས་སུ་ཐབས་ཤེས་མང་པོ་ཞིག་གནང་བཞིན་ཡོད་ཀྱང་། འདི་ལོའི་དུས་འཁོར་དབང་ཆེན་ཐོག་ཆོས་ཞུ་བ་ཚོར་བཀག་བསྡོམས་ཤུགས་ཆེ་བྱས་པ་དེར་བཀའ་ཤག་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཐབས་གནང་བཞིན་པ་དེར་རྩིས་མེད་བཏང་བར་ངོས་འཛིན་གནང་བཞིན་ཡོད་དམ། ཡང་ན་ཐབས་ཤེས་གཞན་ཞིག་ཡོད་དམ། ཞེས་པའི་དྲི་བར་ལན་འདེབས་གནང་སྐབས་སྲིད་སྐྱོང་མཆོག་གིས། རྒྱལ་ཁབ་ཁག་སོ་སོར་འབྲེལ་བ་བྱེད་ཕྱོགས་ཀྱི་ཐབས་ལམ་འདྲ་མིན་ཡོད་པ་དང་། ཨི་སི་རེལ་དང་པེ་ལི་སི་ཐན་་དབར་དམག་འཁྲུག་རྒྱག་བཞིན་ཡོད་ཀྱང་ཕྱོགས་གཉིས་ཀྱི་སྲིད་གཞུང་གི་སྐུ་ཚབ་དབར་གྲོས་མོལ་འགྲོ་བཞིན་ཡོད། དེར་བརྟེན་དམ་བསྒྲགས་དང་གནོན་ཤུགས་ཡོད་པ་ཙམ་གྱིས་གྲོས་མོལ་ཡོང་མིན་ཐོག་བསྡོམས་བརྒྱབ་ཁག་པོ་རེད། འོན་ཀྱང་ད་ལན་དམ་བསྒྲགས་བྱས་པ་དེར་མོས་མཐུན་མེད་པ་དང་ངོ་རྒོལ་ཡོད་ཅེས་ཞུ་རྒྱུ་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགན་རེད། དེ་བཞིན་བོད་ནང་གི་དངོས་ཡོད་གནས་སྟངས་ཞུས་པ་དང་དང་ཆབས་ཅིག བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སུ་དབུ་མའི་ལམ་གཞིར་བཞག་ཐོག་༸གོང་ས་མཆོག་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ཉག་གཅིག་ཡིན་པ་ཞུ་དགོས་རྒྱུའི་ལས་འགན་ཡང་རེད། ཅེས་ལན་འདེབས་གནང་ཡོད།།