མདུན་ཤོག » གསར་གནས། »

བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཉམ་ཐག་དང་སློབ་ཕྲུག་ཁག་གཅིག་ལ་དུས་དབང་ཞུ་རྒྱུའི་མཐུན་འགྱུར་རོགས་རམ་གནང་བ།

༢༠༡༧ ཟླ་ ༡ ཚེས་ ༡༠ རེས་གཟའ་མིག་དམར།

kal_2757༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་མཚུར་ཕུ་བླ་བྲང་དུ་རྒས་གཅོང་ཉམ་ཐག་ཁོངས་ཀྱི་ཆོས་ཞུ་བ་ཚོ་ཐུག་འཕྲད་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ ཐོག བཀའ་ཤག་སྐབས་ ༡༥ པས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་ནང་ཤེས་འཕྲོད་གསུམ་གྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་གྱི་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་རྒས་གསོ་ཁང་ནས་ཉམ་ཐག་རྒས་གཅོང་དང་། ལོ་གཞོན་ནད་མནར། ཉམ་ཐག་ཨང་ཐོབ་ཅན་གྱི་སློབ་གྲྭའི་སློབ་ཕྲུག ཤེས་རབ་དགའ་ཚལ་སློབ་གླིང་། སློབ་གྲྭའི་གུང་གསེང་སྐབས་ཕྱིར་ལོག་བྱེད་ས་མེད་པ། གྲྭ་བཙུན། རི་ཁྲོད་སུ་བསྙེན་མཚམས་བཞུགས་མཁན་བཅས་ཁྱོན་མི་གྲངས་ཆིག་སྟོང་ལྷག་ཙམ་ལ་དུས་དབང་ཞུ་རྒྱུའི་མཐུན་རྐྱེན་སྦྱར་ཡོད།kal_2699

དེ་ཡང་དུས་དབང་དུ་ཆོས་ཞུར་བཅར་ཆེད་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་བརྒྱུད་ཁྱོན་མི་གྲངས་ཆིག་སྟོང་ལྷག་ཙམ་གྱི་མིང་ཐོ་འབྱོར་ཡོད་ཁོངས་ནས་ ༨༣༤ ཙམ་དང་། ཁོང་ཚོར་ལྟ་རྟོག་པ་དང་འགན་ཁུར་བ་ཁྱོན་གྲངས་ཉི་ཤུ་བརྒལ་བ་དངོས་སུ་རྡོ་རྗེ་གདན་དུ་འབྱོར་ཡོད་པ་དང་། དེ་མིན་ཁག་གཅིག་གནས་འདིར་འབྱོར་ཡོད་ཀྱང་མཚུར་ཕུ་བླ་བྲང་དུ་འབྱོར་ཐོ་མ་སྐྱོན་པར་རང་ཉིད་ཀྱི་གཉེན་ཉེ་དང་མཉམ་སྡོད་བྱེད་བཞིན་ཡོད་འདུག བོད་མིའི་སྒྲིག་འཛུགས་ཀྱིས་ཁོང་རྣམ་པར་ལམ་གྲོན་དང་ཟུར་ཕོགས་ཀྱི་མཐུན་རྐྱེན་སྦྱར་ཡོད། དེ་བཞིན་ཁོང་ཚོར་ཞལ་ལག་བཟོ་མཁན་མ་བྱན་ཆེ་བ་ ༥ དང་མ་གཡོག་ ༡༥ བཅས་ཁྱོན་མ་བྱན་དང་མ་གཡོག་ ༢༠ གོ་སྒྲིག་ཞུས་ཡོད་པ་མ་ཟད། དུས་དབང་རིང་སྨན་བཅོས་དང་གསུང་ཆོས་ར་བའི་བར་འགྲིམ་འགྲུལ་གྱི་མཐུན་རྐྱེན་ཡང་ཡོད། གཞན་ཡང་རྡོར་གདན་དུ་འབྱོར་ཡོད་ཀྱང་གསུང་ཆོས་ར་བར་ཕེབས་མ་ཐུབ་མཁན་རྣམས་ལ་བཀའ་བརྒྱུད་སྨོན་ལམ་ཚོགས་སར་བརྙན་འཕྲིན་བརྒྱུད་ཐད་ཀར་རྒྱང་སྲིང་ཞུ་བཞིན་ཡོད། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། མཚུར་ཕུ་བླ་བྲང་ནས་བཞུགས་གནས་དང་ཞལ་ལག་གི་མཐུན་རྐྱེན་སྦྱར་ཡོད། kal_2724-768x512
༡༽ ཆོས་རིག་ལས་ཁུངས་ཁྱབ་ཁོངས་དགེ་བཙུན་ཁག་གཅིག་དང་། རྡ་རམ་ས་ལ་དང་། མན་ཌི སྦིར་བཅས་ཀྱི་ཁུལ་རི་ཁྲོད་དུ་བསྙེན་མཚམས་བཞུགས་མཁན་ཐོ་འགོད་གནང་བ་ ༡༢༠ ཙམ་བྱུང་ཁོངས་ནས་ ༡༠༠ དངོས་སུ་འབྱོར་ཐོ་སྐྱོན་ཡོད།

༢༽ ནང་སྲིད་ལས་ཁུངས་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་གྱི་ནང་ཡོད་པའི་རྒས་གསོ་ཁང་ཁག ༡༥ ནས་ཐོག་མར་རྒན་རྒོན་ཐོ་འགོད་གནང་མཁན་ ༣༨༠ བྱུང་ཡོད་པ་ནས་ཁག་གཅིག་ཕྱིར་འཐེན་གནང་སྟེ་ད་ལྟ་དངོས་སུ་རྒན་རྒོན་ཁྱོན་གྲངས་ ༢༣༠ ཙམ་དང་། འགན་ཁུར་བ་རྒས་གསོའི་འགན་འཛིན་དང་ལས་བྱེད་ཁག་གཅིག་དང་།

༣༽ ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་ཕྲུག་གྲངས་ ༩༨ དང་སྐྱེལ་མི་ ༢། མ་སུ་རི་བོད་ཁྱིམ་ནས་སློབ་ཕྲུག་གྲངས་ ༤༥ དང་སྐྱེལ་མི་ ༣། རྡ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་ནས་སློབ་ཕྲུག་གྲངས་ ༡༢༣ དང་སྐྱེལ་མི་ ༧། བོད་སློབ་འཛིན་ཚོགས་ཁྱབ་ཁོངས་གཏན་སློབ་དང་སཾ་བྷོ་ཊ་ཁྱབ་ཁོངས་སློབ་གྲྭ་ཁག་ནས་སློབ་ཕྲུག་གྲངས་ ༤༨ དང་སྐྱེལ་མི་ ༤ ། དེ་བཞིན་ཀུན་ཕན་རིག་གནས་སློབ་གྲྭའི་སློབ་ཕྲུག་གྲངས་ ༡༧ བཅས་ཁྱོན་སློབ་ཕྲུག་གྲངས་ ༣༣༠ ཙམ་དང་། སྐྱེལ་མི་ ༡༦ །

༤༽ འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་ས་གནས་ཁག་ ༣༩ ནས་ལོ་གཞོན་ནད་མནར་གྱི་ཉམ་ཐག་ཨང་ཐོབ་ཅན་ཁྱོན་གྲངས་ ༡༧༤ དང་། ལྟ་རྟོག་པ་ ༧ བཅས་ཁྱོན་མི་གྲངས་ ༡༨༡ བཅས་ལ་མཐུན་འགྱུར་རོགས་རམ་གནང་ཡོད།

བོད་མི་དེ་དག་གི་ཁོངས་ནས་རྒན་འཁོགས་ཁག་གཅིག་དེ་སྔ་བོད་དུ་ནོར་བུ་གླིང་གར་༸གོང་ས་མཆོག་གིས་སྩལ་བའི་དུས་དབང་ཐེངས་དང་པོ་ཞུས་མྱོང་བ་དང་། ཐེངས་འདིར་དུས་དབང་ཞུ་རྒྱུའི་གོ་སྐབས་མཐའ་མ་དེ་ཡིན་སྲིད་པས། ད་འཆི་ཡང་བློ་འགྱོད་གང་ཡང་མེད་ཅེས་གསུང་མཁན་ཡང་འདུག །