མདུན་ཤོག » གསར་གནས། »

བོད་མི་ནང་ཁུལ་དབྱེ་འབྱེད་མེད་པའི་སྤྱི་ཚོགས་ཤིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༡ རེས་གཟའ་ལྷག་པ།

dsc_0870༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༩ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རིས་མེད་ཀྱི་དགེ་མཚན་གླེང་བ་ཞེས་པའི་བགྲོ་གྲེང་ཚོགས་འདུ་ཚོགས་ཤིག་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་དབུས་བོད་ཀྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ་བླ་སྤྲུལ་རྣམ་པ། དེ་བཞིན་རིས་མེད་ཆོས་བརྒྱུད་ཁག་གི་དགེ་འདུན་པ་དང་མི་མང་བཅས་འདུ་འཛོམས་ཀྱིས་ཐོག་མར་ཚོགས་གཞོན་དགེ་བཤེས་གཡུང་དྲུང་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་བ་དང་སྦྲགས།    ཚོགས་པའི་དམིགས་ཡུལ་དང་བྱུང་རིམ་སོགས་ངོ་སྤྲོད་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།

སྤྱིར་ཚང་མས་མཁྱེན་གསལ་ལྟར།  ཆིག་སྒྲིལ།  གསར་གཏོད། རང་ཁ་རང་གསོ་བཅས་བཀའ་ཤག་གི་ལྟ་གྲུབ་གསུམ་ནས་ཆིག་སྒྲིལ་ཞེས་པ་དེ་ནི།  ཆོལ་ཁ་དབྱེར་མེད་དང་ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ། བོད་མི་ནང་ཁུལ་དབྱེ་འབྱེད་མེད་པའི་སྤྱི་ཚོགས་ཤིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག

ཆོལ་ཁ་ལྟ་བུར་མཚོན་ན།  སྤྱིར་སོ་སོའི་ཆོལ་ཁ་གང་ཡིན་པ་དེར་ལར་ཞེན་ཡོང་རྒྱུ་ཡིན་ནའང་ཞེན་ཁོག་དེ་ལ་བརྟེན་ནས་ཤོག་ཁག་སྒྲིག་ནས་འཐེན་འཁྱེར་རིགས་བྱས་པ་ཡིན་ན།   ཆོལ་ཁ་ཕན་ཚུན་དབར་འགལ་ཟླ་ཡོང་རྒྱུ་དང་།  དེ་འདྲ་བྱུང་བ་ཡིན་ན་སྤྱི་ཚོགས་ནང་བརྡབ་གསིག་བཏང་ནས་ཆིག་སྒྲིལ་དང་མཐུན་སྒྲིལ་ལ་གནོད་རྒྱུ་རེད།  ཆིག་སྒྲིལ་ལ་གནོད་པ་ཡིན་ན་ང་ཚོ་བོད་མིའི་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་ཡོང་མི་ཐུབ།

གཞི་བརྟན་པོ་མ་བྱུང་བ་ཡིན་ན། ང་ཚོས་ནུས་པ་ཇི་ཙམ་སྤུངས་ཡང་གྲུབ་འབྲས་ནུས་པ་ལྡན་པ་ཞིག་ཡོང་ཐབས་བྲལ།  དེ་བཞིན་ཆོས་ལུགས་རིས་མེད་ཞུ་དགོས་དོན་ནི། ལོ་རྒྱུས་ཐོག་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྔོན་ནས་ད་བར་གཟིགས་པ་ཡིན་dsc_0965ན། བོད་ཀྱི་ལོ་རྒྱུས་ནང་རྙོག་གྲ་ཕྲན་བུ་བྱུང་ཡོད།   ད་ལྟའི་ཆར་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ང་ཚོའི་ཆོས་བརྒྱུད་ཁག་ཧ་ཅང་མཐུན་པོ་དང་རྡོག་རྩ་ཆིག་སྒྲིལ་ཡོད།

འོན་ཀྱང་མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་རྙོག་དྲ་དེ་རིགས་མི་ཡོང་བར་དོགས་ཟོན་དང་སྤྱང་གྲུང་དགོས་པ་མ་ཟད། རྙོག་དྲ་དེ་རིགས་མི་ཡོང་བའི་ཆེད་དུ་ང་རང་ཚོའི་ངོས་ནས་འབད་བརྩོན་གང་ཡོད་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་སེམས་ཀྱི་འདུག

དེར་བརྟེན་ཆོས་ལུགས་རིས་མེད།  ཅེས་དགོངས་པ་བཞེས་པའི་ཐོག་ནས་ཆོས་བརྒྱུད་ཁག་གི་ནང་མཐུན་སྒྲིལ་ཡོང་བའི་འབད་བརྩོན་སུས་གནང་བ་ཡིན་ནའང་། དེ་ལ་རྗེས་སུ་ཡི་རང་ཞུ་རྒྱུ་རེད།

ཆོས་བརྒྱུད་ནང་ཁུལ་ཆིག་སྒྲིལ་དང་མཐུན་སྒྲིལ་ཇི་ཙམ་ཡག་པོ་བྱུང་བ་དེ་ཚོད་ཀྱིས་ང་ཚོའི་མ་རྩ་བརྟན་པོ་དང་། གཏིང་ཟབ་པོ་ཡོང་གི་རེད་བསམ་པའི་ཐོག་ནས་ཆོས་ལུགས་རིས་མེད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན།

ང་རང་ཚོ་ནང་ཁུལ་ཆིག་སྒྲིལ་ཡོད་པ་ཡིན་ན། ༸གོང་ས་མཆོག་གིས་རླབས་ཆེན་གྱི་དགོངས་བཞེད་གཙོ་བོ་གསུམ་ནང་ནས་གཅིག་ནི། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གནང་དགོས་ཀྱི་འདུག ཅེས་པ་འདི་རེད།

ཆོས་ལུགས་གཞན་དང་མཐུན་སྒྲིལ་གནང་བར་དང་པོ་བོད་ཀྱི་ཆོས་བརྒྱུད་ཁག་ནང་ཁུལ་ལ་ཐུགས་མཐུན་ཁྲིམས་གཙང་ཡོང་བ་གནང་དགོས།  དེ་བྱུང་བ་ཡིན་ན་ང་ཚོས་རྒྱལ་སྤྱིའི་ཐོག་ཆོས་ལུགས་རིས་མེད་ཀྱི་སྐད་ཆ་བཤད་པ་ཡིན་ན་ཆོས་ལུགས་གཞན་ནས་ཀྱང་ང་ཚོར་ཆེ་མཐོང་དང་བརྩི་བཀུར་བྱ་རྒྱུ་རེད།

དེ་མིན་ནང་ཁུལ་མ་འཆམ་པ་ཡིན་ན་ང་ཚོ་ཆོས་ལུགས་གཞན་དང་མཐུན་སྒྲིལ་བྱེད་དུ་འགྲོ་གི་ཡིན། ཆོས་ལུགས་གཞན་ལ་ང་ཚོས་ལག་པ་གཏོང་གི་ཡིན།  ཞེས་བརྗོད་ཚེ་གཞན་གྱིས་ང་ཚོའི་སྐད་ཆ་དེར་རང་བཞིན་གྱི་ཐེ་ཚོམ་བྱེད་དགོས་པ་ཆགས་རྒྱུ་རེད།  རྒྱུ་མཚན་འདི་དག་ལ་བརྟེན་ནས་ཆོས་ལུགས་རིས་མེད་ཤིན་ཏུ་གལ་ཆེན་པོ་རེད། གཞི་རྩའི་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཡིན་དུས། གུ་ཡངས་ཀྱི་བསམ་བློ་འཁྱེར་ནས་དགོངས་པ་བཞེས་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང།།