མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

དགེ་སློང་མའི་སྡོམ་རྒྱུན་སྐོར་དེ་ངོས་རང་གཅིག་པུས་ཐག་གཅད་པ་ཡིན་ན་ང་ཚོ་བླ་མའི་ཆོས་ལུགས་ཡིན་ཟེར་མཁན་ལྟ་བུ་ཆགས་ཉེན་ཡོད།

༢༠༡༧ ཟླ་ ༡ ཚེས་ ༩ རེས་གཟའ་ཟླ་བ།

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།   ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་སྔོན་འགྲོའི་བཀའ་ཆོས་ཉིན་བཞི་པར་སྤྱོད་འཇུག་གི་བསྔོ་བའི་ལེའུ་དབུ་འཛུགས་མཛད་པ་དང་སྦྲགས།   དགེ་སློང་མ་རྣམས་རྙེད་ལྡན་ཞིང་། །འཐབ་དང་གནོད་པ་སྤོང་བར་ཤོག ། ཅེས་པ་ལས་འཕྲོས་ཏེ་བཀའ་སློབ་སྩལ་དོན། བོད་པའི་བཙུན་མའི་ནང་དགེ་སློང་མ་བསྒྲུབ་རྒྱུ་དེ་འདུལ་བའི་འགྲོ་སྟངས་དང་མཐུན་པ་བྱས་ཏེ་འགྲོ་རྒྱུ་རེད་མ་གཏོགས། ངོས་ཀྱིས་ཐག་བཅད་ནས་བྱེད་ཐུབ་རྒྱུ་མི་འདུག

དེར་བརྟེན་འཁོར་རྣམ་བཞི་ཆ་ཚང་བ་ཞིག་གི་ཐོག་ནས་དགེ་སློང་མ་དགོས་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་འདུལ་བ་དང་མཐུན་པའི་ཐོག་ནས་འགྲོ་རྒྱུ་རེད་མ་གཏོགས་རང་དགར་བྱས་ན་འགྲིག་གི་མ་རེད། དེ་སྔ་བོད་ལ་བླ་མ་སྐྱེས་བུ་དམ་པ་དེ་འདྲས་རང་གི་མར་དགེ་སློང་བསྒྲུབ་པ་གནང་བ་དེ་འདྲ་བྱུང་ཡོད། འོན་ཀྱང་ཉེས་མེད་ཕུན་ཚོགས་ཆགས་དང་མ་ཆགས་ཟེར་བ་དེ་ཚོའི་གྲས་བསམ་བློ་གཏོང་དགོས་པ་ཞིག་རེད། འདུལ་བའི་སྡེ་པ་མི་འདྲ་བ་ཡོད་སྟབས། ང་ཚོའི་སྡོམ་རྒྱུན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རེད། དེ་གའི་འགྲོ་སྟངས་ནས་འདུལ་བའི་གཞུང་གཞིར་བཞག་བྱས་ཏེ་འགྲོ་དགོས་པ་ཞིག་ཡིན་པར་བརྟེན། དེའི་སྐོར་ང་ཚོས་སྔར་ཕན་ཆད་ཐེངས་གང་ཙམ་ཚོགས་པ་རེད།

དེ་བཞིན་དེའི་སྐོར་ཐེ་ཝན་དང་འབར་མའི་འདུལ་བ་འཛིན་པ་དང་ལྷན་ཚོགས་འདུ་ཚོགས་པ་དེ་འདྲ་བྱུང་ཡོད། འོན་ཀྱང་གསལ་པོ་དང་དོགས་པ་ཆོད་པ་ཞིག་བྱུང་མེད། ངོས་ཀྱིས་བྱེད་ཐུབ་པ་དེ་བཙུན་མ་ཚོས་དཔེ་ཆ་བལྟ་རྒྱུ་དགོས་རེད། ཅེས་ལོ་བཞི་བཅུ་ཙམ་གྱིས་གོང་ནས་ངོས་ཀྱིས་འབོད་སྐུལ་བྱས་པ་ལྟར། བཙུན་མའི་དགོན་པ་ཁག་མང་པོ་ཞིག་གིས་གཞུང་ཆེན་བལྟས་ནས་ལོ་ཉི་ཤུའི་རྗེས་ད་ལོ་བཙུན་མའི་དགེ་བཤེས་མ་ཐོན་ཐུབ་པ་བྱུང་ཡོད།

ཉེ་ཆར་ང་ཚོས་རྟེན་འབྲེལ་བྱས་ཏེ་ཕལ་ཆེར་བོད་པའི་ལོ་རྒྱུས་ནང་ཐོག་མ་ལྟ་བུ་ཆགས་ཡོད།   བཙུན་མ་ཚོས་ལོ་ཉི་ཤུའི་རིང་དཔེ་ཆ་བལྟས་ནས་གཞུང་ཆེན་གྱི་སྦྱངས་པ་ཚད་ལོངས་པ་བྱུང་སྟེ་དགེ་བཤེས་མའི་ལག་འཁྱེར་སྤྲད་པ་ཡིན།  འདི་ངོས་ཀྱིས་ཐག་བཅད་དེ་བྱེད་ཐུབ་པ་ཞིག་རེད། དགེ་སློང་མ་དེ་འདུལ་བའི་གཞུང་དང་མཐུན་པ་བྱས་ཏེ། རིས་སུ་མ་ཆད་པའི་འདུལ་བ་འཛིན་པ་ཚོའི་དགོངས་པ་མཉམ་པ་ཞིག་བྱུང་ན་ཡག་པོ་རེད། གཞན་དེ་སྔ་བོད་པའི་ནང་པའི་ཆོས་ལ་བླ་མའི་ཆོས་ལུགས་ (Lamaism) ཞེས་མིང་ཐོག་ཡོད། བླ་མའི་ཆོས་ལུགས་བྱེད་མཁན་གྱིས་མི་བྱེད་དགུ་བྱེད་བྱེད་ཀྱི་འདུག་ཅེས་བརྗོད་མཁན་བྱུང་ན་ཡག་པོ་མེད། ཝེ་ཐི་ནམ་ནང་དགེ་སློང་མའི་སྡོམ་རྒྱུན་རྣམ་དག་བར་མ་ཆད་དུ་ཡོད་པ་རེད་ཅེས་ཤོད་མཁན་བྱུང་། དེ་ཚོ་གྲས་ཉམས་ཞིབ་བྱེད་དགོས་འདུག

རྒྱ་ནག་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་དེ་རྒྱ་ནག་རང་གི་མཁན་པོ་ཚོས་ཕྲན་བུ་ཐེ་ཚོམ་བཟོ་འདྲ་གནང་གི་འདུག སྔོན་ལ་ང་ཚོས་དེ་ཚོའི་གྲས་མུ་མཐུད་ནས་ཉམས་ཞིབ་དང་སློབ་སྦྱོང་བྱེད་དགོས་པ་ཞིག་རེད། གང་ལྟར་དགེ་བཤེས་མ་ཐོན་ཐུབ་པ་བྱུང་བ་རེད། མ་འོངས་པར་དགེ་བཤེས་མ་མུ་མཐུད་ནས་ཡོང་ཐུབ་པ་ཞིག་དང་། རིམ་པས་བོད་དང་ཧི་མཱ་ལ་ཡའི་རི་རྒྱུད། རྒྱ་ནག་བཅས་ནས་དགེ་བཤེས་མ་ཐོན་ཐུབ་པ་ཞིག་བྱེད་དགོས།

དུས་རབས་ ༢༡ པའི་སངས་རྒྱས་པའི་ཆོས་པ་བྱས་ཏེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དེ་དག་རིགས་པས་ལམ་ནས་འགྲེལ་བཤད་བརྒྱབ་ཐུབ་རྒྱུ་ཡོད་པ་ཞིག་དགོས། སོ་སོའི་ཉམས་ལེན་དང་བསྟན་པའི་ཞབས་འདེགས་ལའང་དེས་ཕན་གྱི་རེད། ཅེས་བཀའ་སློབ་སྩལ།   དེ་རྗེས་༸གོང་ས་མཆོག་གིས་དུས་དབང་གི་སྔོན་འགྲོའི་གསུང་ཆོས་སུ་བསྒོམ་རིམ་བར་པ་དང་སྤྱོད་འཇུག་བཤད་ལུང་གྲུབ་རྗེས་བཀའ་སློབ་སྩལ།།