༢༠༡༦ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །འདི་གར་ཝཱརཱཎསཱི་གཙུག་ལག་སློབ་གྲྭའི་ས་གནས་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ནས་ ༢༠༡༦ ཕྱི་ ༡༢ ཚེས་ ༢༧ ཉིན་བཏང་གནས་ནང་འཁོད་དོན། ཨེམ་བྷེ་དེ་ཀར་ Dr. Ambhedkar College མཐོ་སློབ་ནས་སློབ་ཐོན་པ། ལོ་ངོ་བཅུ་ཕྲག་བཞི་ཙམ་ནས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སནྡེཤ་མེཤྲམ་Shri Sandesh Meshram ལགས་ཀྱིས་མ་བསྐུལ་དྭང་བླངས་ཐོག་བོད་དོན་དྲིལ་བསྒྲགས་སླད། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེགས་རྟགས་འབུལ་བཞེས་མཛད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ནས་རྒྱ་གར་གི་གྲོང་འཁྱེར་ Nagpur ནཱག་པུར་ནས་གནས་མཆོག་ Bodhgaya རྡོ་རྗེ་གདན་བར་ཁྱོན་སྡོམ་སྤྱི་ལེ་ ༡༢༠༠ ཙམ་རྐང་འཁོར་འགྲུལ་བཞུད་ཀྱི་ལས་འགུལ་ཞིག་སྤེལ་ཏེ་ལམ་བར་གྲོང་འཁྱེར་ཆེ་ཁག་ཏུ་བོད་དོན་དྲིལ་སྒྲག་སྤེལ་གྱིན་ཕྱི་ཚེས་ ༢༡ ཕྱི་དྲོ་ཆུ་ཚོད་ ༣ ཙམ་ལ་ Sarnath སཱརནཱཐ་དུ་འབྱོར། དེ་ཡང་སཱརནཱཐ་ཉེ་འགྲམ་ Ashapur ཨཤཱ་པུར་གསུམ་མདོ་ནས་ས་གནས་རང་བདེན་ཚོགས་ཆུང་གི་འཐུས་མིས་མཇལ་དར་ཕུར་ཏེ་ཁོང་ལ་དགའ་བསུ་ཞུས་པ་དང་། ཚོགས་སྐྱིད་འདྲ་མིན་གྱི་འཐུས་མིས་མཚོན་སློབ་ཕྲུག་བཅུ་ཕྲག་གཉིས་ལ་ཉེ་བས་ཁོང་དང་ལྷན་དུ་རྐང་འཁོར་ལྷན་བཅར་ཞུས་ཏེ་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་དང་། དབུ་འཕངས་གོང་མཐོར་སྤེལ་མཚོན་དུ་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་རྗེས་སཱརནཱཐ་ཁུལ་དུ་རྟེན་གཞི་བྱས་པའི་བོད་དགོན་བཤད་སྒྲུབ་འདོད་རྒྱུ་འཁྱིལ་དུ་ཕེབས་བསྟུན་སླར་ཡང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། ཧིམཱལཡའི་སློབ་ཕྲུག་ཚོགས་པ། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པ། ས་གནས་བོད་མིའི་སུད་ཚོང་ཚོགས་པའི་ཚོགས་པ། ཝཱརཱཎསཱི་ཧིན་དུའི་མཐོ་སློབ་གྲགས་ཅན་ BHU གྱི་བོད་ཕྲུག་ཚོགས་པའི་སྐུ་ཚབ། དེ་བཞིན་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་། གློ་བུར་དུ་ལྷགས་པའི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ནས་མཇལ་དར་ཕུལ་ཏེ་ཕེབས་བསུ་ཞུས་བསྟུན་གསོལ་ཇ་ཞལ་ཏོག་ཕུལ་རྗེས་རྐང་འཁོར་འགྲུལ་བཞུད་པ་ཁོང་ཉིད་དབུ་ངལ་གསོས་འདུག
ཕྱི་ཚེས་ ༢༣ ཉིན་བོད་དགོན་དུ་ས་གནས་མི་མང་དང་། བོད་དོན་རྒྱབ་སྐྱོར་བ། ཕྱོགས་མཐའ་ཁག་ནས་ཕེབས་པའི་གནས་སྐོར་བ་ལྷན་འཛོམས་ཐོག་ཁོང་ལ་གཞུང་འབྲེལ་ཕེབས་བསུ་དང་རྒྱབ་སྐྱོར་མཚོན་ཆེད་འདུ་འཛོམས་གནང་བ་དང་། གཙུག་ལག་སློབ་དཔོན་བློ་བཟང་ནོར་བུ་མཆོག་གིས་སྐུ་ཞབས་སནྡེཤ་མེཤྲམ་ལགས་ཀྱི་ངོ་སྤྲོད་དང་། ཁོང་གི་ད་བར་བོད་དོན་དང་འབྲེལ་བའི་ལས་འགུལ་དུ་མར་མཉམ་ཞུགས་གནང་ཚུལ་སོགས་ཀྱི་གསུང་བཤད་དང་། བོད་དོན་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་ས་གནས་མི་མང་གིས་ཁོང་གི་བྱས་རྗེས་ལ་བསྔགས་བརྗོད་དང་། གུས་འདུད་མཚོན་དོན་དུ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ནས་སྟོང་མིན་ཙམ་ཕྱི་ནང་ན་བཟའ་སྤུས་ལེགས་ཆ་ཚང་གཅིག་དང་། གཟན་དཀར། རྡོར་གདན་བར་དུ་འདེང་ངེས་ལམ་གྲོན་སླད་དངུལ་རྐྱང་ཅུང་ཟད། མཇལ་དར་བཅས་ཕུལ།
དེ་རྗེས་སྐུ་ཞབས་སནྡེཤ་ལགས་ཀྱིས་རྐང་འཁོར་འགྲུལ་བཞུད་ཀྱི་རྒྱབ་ལྗོངས་དང་། དེ་ལྟར་བྱ་བའི་རིམ་པ་རྣམས་གསལ་བཤད་གནང་། རང་བདེན་ཚོགས་ཆུང་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཕེབས་བསུའི་མཛད་སྒོ་ལེགས་གྲུབ་བྱུང་།
ཕྱོགས་མཚུངས་ཕྱི་ཚེས་ ༢༤ སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ས་གནས་རང་བདེན་ལས་འགུལ་ཚོགས་ཆུང་འཐུས་མི་རྣམ་པ་དང་། གོང་འཁོད་ཚོགས་སྐྱིད་ཁག་གི་སློབ་ཕྲུག་བཅུ་ཕྲག་གཉིས་ལ་ཉེ་བས་ཁོང་ལ་ཕེབས་སྐྱེལ་མཛད་སྒོ་ཚོགས་པ་དང་། ལྷན་དུ་རྐང་འཁོར་འགྲུལ་བཞུད་ཀྱིས་ Rajghat Bridge ཆུ་མོ་གངྒཱའི་ལྕགས་ཟམ་བར་ཕེབས་སྐྱེལ་ཞུས་འདུག ས་གནས་ནས་ཐོན་སྐབས་ཁོང་གི་ལས་འགུལ་ལ་རྗེས་སུ་ཡི་རང་དང་། སྐུ་གཟུགས་གསལ་དྭང་ཐོག་ལས་འགུལ་ལམ་ལྷོང་ཡོང་བའི་སྨོན་འདུན་བཅས་གནང་མཐར་རྡོ་རྗེ་གདན་གྱི་ཕྱོགས་ལ་ཁ་ཕྱོགས་བསྒྱུར་ཏེ་ཕྱི་ཚེས་ ༢༨ ཉིན་རྡོ་རྗེ་གདན་དུ་འབྱོར་རྒྱུ་དང་། དེ་ནས་དུས་དབང་རིང་གཞོན་ནུ་ཚོགས་པ་དང་ལྷན་དུ་དྭང་བླང་ཞབས་ཞུ་གནང་རྒྱུ་ཡིན་འདུག་པའི་གནས་ཚུལ་དུ།