༢༠༡༦ ཟླ་ ༡༢ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༡ ཉིན་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོས་ཕྱག་བཏབ་པའི་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་ང་ཚོ་རྗེས་དྲན་གནང་སའི་གདན་ས་འདི་ཉིད་༸གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་ཆོས་སྲིད་ཀྱི་མཛད་པ་རླབས་ཆེ་བ་མང་པོ་དང་འབྲེལ་བ་ཡོད་པ་ཆགས་ཡོད་སྟབས། དེ་རིང་གོ་སྐབས་འདི་བརྒྱུད་གཞིས་བྱེས་བོད་མི་ཡོངས་དང་དགེ་འདུན་མང་ཚོགས་དང་བཅས་པ་ཚེ་རབས་རྒྱུན་འཛིན་གྱི་གསོལ་འདེབས་ཞུ་རྒྱུ་ཡིན། དེ་བཞིན་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོ་མཆོག་གིས་རྗེ་བདག་ཉིད་ཆེན་པོའི་དགོངས་པ་དང་ལུང་བསྟན་མང་པོ་ཞིག་ལ་གཟིགས་ནས་ཐོག་མར་ཕྱི་ལོ་ ༡༤༡༦ ལོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུང་པ་ནང་བཞིན།
འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག ཅེས་གསུང་པ་ནང་བཞིན། རྗེ་བདག་ཉིད་ཆེན་པོའི་དགོངས་པ་གཞི་བཟུང་ཐོག་ཕྱི་ལོ་ ༢༠༡༦ ལོར་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་མཛད་སྒོ་འདི་ཉིད་དཔལ་ནཱ་ལེནྡྲའི་ཆོས་རྒྱུད་དྲི་མ་མེད་པའི་ཐོག་ནས་ལུང་དང་རྟོགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་གཟེངས་སུ་ཐོན་པའི་བྱས་རྗེས་བླ་མེད་བཞག་ཡོད། དེར་བརྟེན་དེ་རིང་གི་གོ་སྐབས་འདི་བརྒྱུད་བསྟན་པ་དང་འགྲོ་བའི་དོན་དུ་ཕྱག་ལས་གནང་མཁན་དང་བསྟན་པའི་སྦྱིན་བདག་དང་བཅས་པར་རྗེས་དྲན་ཞུ་རྒྱུའི་དུས་ཚོད་ཡིན་སྟབས། དེ་ཚོ་ཚང་མར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་རྗེས་དྲན་ཞུ་དགོས་རྒྱུ་ཆགས་ཀྱི་འདུག དེ་བཞིན་བོད་དུ་དུས་འགྱུར་བྱུང་བའི་ནང་སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས། མི་རིགས་དང་བཅས་པར་རྗེད་མི་ཕོད་པའི་ཉམས་ཉེས་ཚད་མེད་པ་ཐེབས་ཡོད། དེའི་ནང་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སའི་ཆོས་སྡེ་སྟོང་ཕྲག་མང་པོ་ཞིག་དང་། དེ་བཞིན་དེ་འཛིན་སྐྱོང་གནང་མཁན་གྱི་བླ་སྤྲུལ་དགེ་འདུན་མང་པོའི་སྐུ་སྲོག་བཀྲོངས་པ་དང་ཤོར་བ་དེ་འདྲ་བྱུང་ཡོད་དུས། དེ་ཚོའི་གྲས་ང་ཚོ་དེ་རིང་གོ་སྐབས་འདི་བརྒྱུད་ནས་རྗེས་དྲན་ཞུ་རྒྱུ་ཞིག་དང་། ལྷག་པར་བོད་ནང་ད་ལྟའི་དུས་སུ་བོད་མི་དེ་ཚོས་སོ་སོའི་མི་རིགས་དང་འབྲེལ་བ་ཡོད་པའི་ཆོས་དང་། སྐད་ཡིག རིག་གཞུང་། གོམས་གཤིས། ཁོར་ཡུག་དང་བཅས་པའི་ཐོག་ལ་རྩ་ཆེ་བའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་བཞིན་པ་དེ་ཚོ་ང་ཚོས་བརྗེད་ཐབས་མེད་པ་ཞིག་རེད། དེ་འདྲའི་ཐོག་ལའང་རྒྱ་ནག་གི་དྲག་གནོན་ཐོག་དམྱལ་བ་མི་ཡུལ་དུ་སླེབ་པ་ལྟ་བུ་དེ་འདྲའི་སྡུག་ངལ་མྱོང་བཞིན་ཡོད་ནའང་སེམས་ཤུགས་དང་ལ་རྒྱ། ལྷག་བསམ་དམའ་མེད་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་རྒྱུན་འཛིན་གནང་བཞིན་པ་དེ་ཚོ་དེ་རིང་༸གོང་ས་ཐམས་ཅད་མཁྱེན་པ་དབུ་བཞུགས་ཐོག་བོད་ནང་གི་བོད་མི་ཚོར་བསྔགས་བརྗོད་དང་། དེ་འདྲའི་བློས་གཏོང་གནང་བ་དེ་ཚོར་ང་ཚོས་རྗེས་དྲན་ཞུ་རྒྱུའི་གོ་སྐབས་ཟིན་པའི་ཐོག་ནས་དེ་གཅིག་ཞུ་ན་བསམ་བྱུང་།
དེ་བཞིན་ང་ཚོ་བཙན་བྱོལ་ནང་བོད་ས་ཤོར་བའི་རྗེས་སུ་ངོ་ཤེས་པ་གནམ་དང་ས་གཉིས་ཙམ་མ་གཏོགས་མེད་པ། མགོན་མེད་སྐྱབས་མེད་ལྟ་བུའི་གནས་སྟངས་འོག་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་ཉག་གཅིག་དང་། དེ་བཞིན་རྒྱ་གར་གཞུང་དམངས་གཉིས་དང་། ཡང་སྒོས་ཀར་ཎ་ཊ་ཀར་སྐབས་དེའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཅི་ལིངྒ་པ་མཆོག་གི་ཐུགས་བཞེད་དང་དགོངས་པར་བརྟེན་ནས་ང་ཚོར་ས་ཆ་གསོལ་རས་གནང་ནས་ད་ལྟ་བསྟན་པའི་གཞི་ཆེན་པོ་འདི་ལྟ་བུ་དང་། དེ་བཞིན་ང་ཚོའི་གཞིས་ཆགས་ཆེ་ཁག་མང་པོ་ཞིག་འཛུགས་སྐྲུན་གནང་ཐུབ་ཡོད། དེར་བརྟེན་དེའི་གྲས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། དེ་དག་གིས་བཀའ་དྲིན་དང་མཐུན་རྐྱེན་ལ་བརྟེན་ནས་ང་ཚོ་བོད་མི་ཚང་མར་མཐུན་རྐྱེན་འདང་ངེས་ཡོད་པ་དང་། འགལ་རྐྱེན་གང་ཡང་མེད་པའི་ཐོག་ནས་སོ་སོའི་ཆོས་དང་རིག་གཞུང་གང་ཅིའི་ཐོག་དོ་སྣང་དང་སློབ་སྦྱོང་ཐོག་ནས་རྗེས་འཛིན་ཞུ་རྒྱུའི་གོ་སྐབས་ཆ་ཚང་བ་ཡོད་སྟབས། ང་ཚོས་གོ་སྐབས་དེ་དག་རླག་མ་བཅུག་པ་དང་། འཐུས་ཤོར་མ་སོང་བའི་ཐོག་ནས་དེ་རིང་གི་གོ་སྐབས་འདིའི་བརྒྱུད་བོད་མི་རྣམས་ཀྱིས་བོད་ཀྱི་ཐུན་མིན་གྱི་རིག་གཞུང་དེ་དག་རྗེས་འཛིན་གནང་དགོས་པའི་དུས་ཚོད་གལ་ཆེན་པོ་ཞིག་ཆགས་འདུག ཅེས་ཞུ་རྒྱུ་ཡིན།
དེ་རིང་གི་རྗེས་དྲན་གྱི་མཛད་སྒོ་འདི་དང་བསྟུན་ནས་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་སྐབས་བཅུ་པའི་བསླབ་པ་ཐར་སོན་པའི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་མཉམ་དུ་འཁེལ་ཡོད། དེར་བརྟེན་གཙོ་བོ་དགེ་འདུན་པ་རྣམ་པས་ལོ་མང་རིང་སྐུ་ལས་བསྐྱོན་ནས་མཐོས་བསམ་སློབ་གཉེར་དཔྱིས་ཕྱིན་པ་གནང་། དེའི་རྗེས་སུ་དེང་དུས་ཀྱི་འགྲོ་སྟངས་དང་མཐུན་པའི་ཕྱག་འཁྱེར་བཞེས་རྒྱུ། དེ་ཡང་མགོན་པོ་གང་ཉིད་ཀྱི་མདུན་ནས་ཕྱག་འཁྱེར་བཞེས་རྒྱུ་ནི་ཧ་ཅང་གི་རྙེད་དཀའ་བའི་གོ་སྐབས་ཡིན་དུས་འདི་ང་ཚོས་གལ་ཆེན་པོ་ཞིག་དང་བསྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་དགོས་རྒྱུ་ཞིག་ཆགས་ཀྱི་འདུག དེ་བཞིན་རྒྱལ་བའི་ལུང་རྟོགས་བསྟན་པ་འདི་ཉིད་འཛམ་གླིང་གོ་ལ་ཧྲིལ་པོ་འདིའི་ཐོག་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་འབོད་སྐུལ་གསོལ་འདེབས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་། །