མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

བོད་མདོ་སྨད་རྔ་བའི་སྐྱ་སེར་ཕོ་མོ་བཅུ་ཙམ་ལ་ལོ་ལྔ་ནས་བཅུ་བཞིའི་བར་གྱི་བཙོན་འཇུག་ཁྲིམས་ཐག་འདྲ་མིན་བཅད་པ།

༢༠༡༦ ཟླ་ ༡༢ ཚེས་ ༧ རེས་གཟའ་ལྷག་པ།

༄༅། །བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༦ ཉིན་བཏང་གནས་ནང་འཁོད་དོན།

ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༦ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་ལ། རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་བོད་མདོ་སྨད་རྔ་བའི་སྐྱ་སེར་ཕོ་མོ་བཅུ་ཙམ་ལ་ལོ་ལྔ་ནས་བཅུ་བཞིའི་བར་གྱི་བཙོན་འཇུག་ཁྲིམས་ཐག་འདྲ་མིན་བཅད་ཡོད་འདུག

༡༽ རྔ་བ་ཀིརྟི་དགོན་པའི་གྲྭ་འབྲུག་སྒྲ།

dukda-01-copyརང་ལོ་ ༥༠ ཡིན་པ་ཁོང་ལ་ལོ་ ༡༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་ནི་ལོ་སྔོན་མའི་ཕྱི་ཟླ་ ༡༡ ཟླ་མཇུག་ཙམ་གྱི་མཚན་མོ་ཞིག་ལ་དགོན་པའི་ནང་གི་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་འབྲེལ་ཡོད་ནས་ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད། འདི་ནས་ཤེས་རྟོགས་བྱུང་བར་༸གོང་ས་མཆོག་གི་གྱ་སྟོན་སྐབས་ཨ་མདོ་རྔ་བར་མི་མང་གི་སྤྲོ་སྐྱིད་སོགས་གོ་སྒྲིག་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག དེ་མིན་ཕྱི་ལོ་ ༢༠༠༨ ལོར་ཁོང་འཛིན་བཟུང་གིས་ལོ་ ༡ དང་ཟླ་བ་ ༤ ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་དང། ཁོང་གི་ཕ་ཡུལ་རྔ་བ་རྫོང་སོ་རུ་མ་ནས་ཡིན།

 

༢༽ རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་མཁས་གྲུབ།

lobsang-keedub-01-copyརང་ལོ་ ༤༤ ཡིན་པ་ཁོང་ལ་ལོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོ་འདུག ཁོང་ནི་ལོ་སྔོན་མའི་ལོ་མཇུག་ཙམ་ལ་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་ད་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་གསལ་པོ་གང་ཡང་མ་ཤེས་པར་ལྷག་ཡོད་ལ། འདི་ནས་ཤེས་རྟོགས་བྱུང་བར་༸གོང་ས་མཆོག་གི་གྱ་སྟོན་སྐབས་སྐད་འཕྲིན་ནང་ ༸གོང་ས་མཆོག་ལ་ཞབས་བརྟན་བསྒྲུབས་ཐོ་ལེན་སའི་ཚོགས་པ་བཙུགས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག ཁོང་དེ་སྔོན་ཕྱི་ལོ་ ༢༠༡༡ ལོར་འཛིན་བཟུང་གིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནའང་། བཙོན་ཁང་ནང་དུ་ནད་མནར་དྲག་པོས་རང་མགོ་མི་ཐོན་པར་གྱུར་པས་ལོ་དུས་མ་ཚང་གོང་གློད་གྲོལ་བྱས་འདུག་ལ། ནང་མི་དང་འབྲེལ་ཡོད་སོགས་ཀྱིས་འགྲོ་གྲོན་བཏང་སྟེ་ཡུན་རིང་སྨན་བཅོས་བྱས་མཐར་ཅུང་ཙམ་དྲག་བསྐྱེད་བྱུང་ཡོད་འདུག  ཁོང་གི་ཕ་ཡུལ་ནི་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཡིན་པ་དང་། ཕ་མིང་ལ་ཐོས་ལི་ཟེར།  ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་ཀྱིས་བསྡུས་རྟགས་ནས་བཟུང་སྟེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་པ་གནང་ནས་དགེ་བཤེས་གྲྭ་སྐོར་བྱེད་ལ་ཉེ་བར་ཡོད་འདུག

 

༣༽ རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་དགེ་འཕེལ།

ghepel-02-copyརང་ལོ་ ༢༩ ཡིན་པ་ཁོང་ལ་ལོ་༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་ནི་ལོ་སྔོན་མའི་ཕྱི་ཟླ་ ༡༡ ཚེས་ ༣༠ མཚན་མོ་དགོན་པའི་ནང་གི་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་ཉེ་ཆར་གྱི་ཟླ་བ་གཅིག་ཙམ་གྱི་སྔོན་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅུང་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་ལ། ཁོང་དེ་སྔོན་ཕྱི་ལོ་ ༢༠༡༡ ཟླ་ ༥ ནང་འཛིན་བཟུང་གིས་ཡུན་རིང་བཀག་ཉར་བྱས་མཐར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ ༢༠༡༣ ལོའི་ལོ་མཇུག་ཟླ་བ་ཁ་ཤས་སྔ་སྣུར་གྱིས་གློད་གྲོལ་བྱས་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག ཁོང་གི་ཕ་ཡུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་ཞིང་། ཕ་ཨུ་རྒྱན་ཚེ་རིང་དང་། མ་ལྷ་མོ་སྐྱིད་གཉིས་ལ་བུ་བུ་མོ་དགུ་ཡོད་པའི་ནང་གི་ཆེ་ཤོས་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། འཛིན་བཟུང་མ་བྱས་གོང་སྨན་པ་གྲྭ་ཚང་གི་གཉེར་པ་ཡིན་འདུག

 

༤༽ རྔ་བ་ཀིརྟི་དགོན་པའི་གྲྭ་བློ་གྲོས།

lodu-02-copyརང་ལོ་ ༤༡ ཡིན་པ་ཁོང་ལ་ལོ་ ༩ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་ནི་ལོ་སྔོན་མའི་ལོ་མཇུག་ཙམ་ལ་དགོན་པའི་ནང་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་ད་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་གསལ་པོ་གང་ཡང་ཤེས་རྟོགས་མ་བྱུང་བར་ལྷག་ཡོད་འདུག ཁོང་དེ་སྔོན་ཕྱི་ལོ་ ༢༠༡༡ ལོར་འཛིན་བཟུང་གིས་ལོ་༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་ཞིང་། ཁོང་གི་ཕ་ཡུལ་རྔ་པ་རྫོང་ཨ་འདུས་གཤོང་བ་སྡེ་བ་ཡིན་པ་དང་། ཕ་མིང་ལ་གདུགས་ཁོ་ཟེར་ཞིང་། གནའ་དེང་གི་རི་མོའི་སྒྱུ་རྩལ་ལ་མོས་པ་ཆེ་བའི་རི་མོ་པ་ཞིག་ཡིན།

༥༽ ལྷ་སྡེ་འགབ་མའི་བོན་ཁོ་སྐྱིད།

won-kho-key-02-copyརང་ལོ་ ༤༨ ཡིན་པ་ཁོང་མོར་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་མོ་ལོ་སྔོན་མའི་ཕྱི་ཟླ་ ༡༡ ཚེས་ ༢༠ ཡས་མས་ཤིག་ལ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག འདི་ནས་ཤེས་རྟོགས་བྱུང་བར་༸གོང་ས་མཆོག་གི་གྱ་སྟོན་སྐབས་ཨ་མདོ་རྔ་བར་མི་མང་གི་སྤྲོ་སྐྱིད་སོགས་གོ་སྒྲིག་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག ཁོང་མོ་དེ་སྔོན་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ ལོ་སོ་སོར་འཛིན་བཟུང་གིས་ཟླ་བ་ཁ་ཤས་རེ་བཀག་ཉར་བྱས་པ་དང་། འབྲེལ་ཡོད་ནས་ཐབས་ཤེས་སྣ་ཚོགས་བྱས་ཏེ་གློད་གྲོལ་ཐུབ་ཙམ་བྱུང་ཡོད་ཅིང་། རྒྱུན་དུ་ལྟ་སྲུང་འོག་གནས་དགོས་གྱུར་ཡོད། ཕ་མིང་ལ་ཡར་འཕེལ་ཡིན་འདུག

༦༽ སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་ཚུལ་ཁྲིམས་ལགས།

dotsig-tsultrim-03ཁོང་ལ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་འདུག   རང་ལོ་ ༣༣ སོན་པའི་སྤྲོ་ཚིགས་ཚུལ་ཁྲིམས་ལགས་ནི།  ལོ་སྔོན་མའི་ཕྱི་ཟླ་ ༡༠ པ་ཙམ་ལ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་ཉེ་བའི་ཟླ་ཤས་གོང་བར་གར་ཡོད་ཙམ་ཡང་ཤེས་རྟོགས་བྱུང་མེད། གནས་ཚུལ་ཡོངས་ཁུངས་ནས་བརྗོད་པར་༸གོང་ས་མཆོག་གི་གྱ་སྟོན་སྐབས་རྔ་བ་མི་མང་གི་སྤྲོ་སྐྱིད་སོགས་ལ་སྣེ་ཁྲིད་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་འདུག ཁོང་གི་ཕ་ཡུལ་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་ཡར་འཇོང་ཚང་ནས་ཡིན་པ་དང་། ཕ་མིང་ལ་སྟོབས་རྒྱལ་དང་། མ་མིང་ལ་ནོར་ལྷ་ཟེར་ཞིང་། སྔོན་ཆད་སྤྲོ་ཚིགས་དགོན་པར་གྲྭ་པ་བྱེད་མྱོང་ཡོད་པར་མ་ཟད། ཕྱི་ལོ་༢༠༠༨ ལོར་སྤྲོ་ཚིགས་དགོན་པའི་དགེ་འདུན་པ་དྲུག་ལ་བཙོན་འཇུག་ཁྲིམས་བཅད་སྐབས་ཁོང་ལ་ལོ་ ༡ དང་ཟླ་ ༩ ཁྲིམས་ཐག་བཅད་ཡོད་འདུག

༧༽ ཨ་ཀྱ་ཀྱ།

a-ja-ja-01-copyརང་ལོ་ ༣༥ ཡིན་པ་ཁོང་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོང་ག་དུས་འཛིན་བཟུང་བྱས་པའི་གནས་ཚུལ་ཤེས་རྟོགས་མ་བྱུང་། དེ་སྔོན་ཡང་ཕྱི་ལོ་ ༢༠༡༡ ལོར་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ལགས་ཀྱིས་སྐུ་ལུར་མེར་སྲེག་གནང་སྐབས་ངོ་རྒོལ་སྐད་འབོད་བྱས་པའི་རྐྱེན་གྱིས་འཛིན་བཟུང་གིས་ཁོང་ལ་ལོ་ ༣ ལྷག་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག ཁོང་གི་ཕ་ཡུལ་རྔ་བ་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོ་ཡིན་ཞིང་། མ་མིང་ལ་དུང་མོ་ཟེར། སྔོན་ཆད་རྔ་བ་ཀིརྟི་དགོན་དུ་གྲྭ་པ་བྱས་མྱོང་ཡོད་འདུག

 

༨༽ཏཱ་རེ་སྐྱིད་ལགས།  ལོ་ ༨  བཙོན་འཇུག་ཁྲིམས་ཐག་བཅད་པ།

༩༽ ཚུལ་ཁྲིམས་ལགས།

tsulthe-01དེ་བཞིན་ཉིན་དེར་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་པའི་ཚུར་ཏེའམ་ཚུལ་ཁྲིམས། རང་ལོ་༣༢ ཙམ་ཡིན་ཞིང་། ལོ་སྔོན་མའི་ཕྱི་ཟླ་ ༡༡ ཚེས་༢༥ ཡས་མས་སུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་ཟླ་བ་མང་པོའི་རིང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཙམ་ཡང་ཤེས་རྟོགས་བྱུང་མེད་པ་དང་།

ཕྱི་ལོ་༢༠༠༨ ལོར་ངོ་རྒོལ་སྐད་འབོད་བྱས་པའི་རྐྱེན་གྱིས་ལོ་ ༡ ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་གི་ཕ་ཡུལ་ལྷ་སྡེ་གོང་མ་ནས་ཡིན་ཞིང་། མ་མིང་ལ་བཀྲ་པོ་ཡིན་པ་དང་། ཁོང་སྔོན་ཆད་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་མྱོང་ཡོད་ལ། རྗེས་སུ་སྐྱ་སར་བབ་ནས་གཉེན་སྒྲིག་བྱས་ཏེ་ལོ་བཞི་ལྔ་ཅན་གྱི་ཕྲུ་གུ་གཉིས་ཡོད་འདུག་པ་བཅས་དང་།

Share with your friends










Submit