མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

དགེ་འདུན་པ་ཞིག་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ།

༢༠༡༦ ཟླ་ ༡༢ ཚེས་ ༨ རེས་གཟའ་ཕུར་བུ།

lobsang-sonam-01༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༦ ཟླ་ ༡༢ ཚེས་ ༨ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་ལ། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་རྔ་བ་ཀིརྟི་དགོན་པའི་རང་ལོ་ ༢༣ ཡིན་པ་གྲྭ་བློ་བཟང་བསོད་ནམས་ལགས་ལ་ཁྲོ་ཆུ་རྫོང་ནས་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་དེང་སྐབས་མེན་ཡང་བཙོན་ཁང་དུ་ཡོད་ཀྱང་། རྗེས་སུ་བརྡ་ལན་བྱུང་བ་ཙམ་ལས་དུས་ཐོག་ལ་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་མེད་པ་དང་། ལོ་སྔོན་མའི་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་རྔ་བ་རྫོང་ཉེན་རྟོག་པས་རྔ་བ་རྫོང་མཁར་ནས་འཛིན་བཟུང་བཀག་ཉར་བྱས་ཡོད། འོན་ཀྱང་དེ་ནས་བཟུང་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་གོ་ཐོས་བྱུང་མེད་པ་རེད། གནས་ཚུལ་ཡོང་ཁུངས་ནས་བརྗོད་ན་དྲ་ལམ་དུ་བོད་དོན་དང་འབྲེལ་བའི་ཡི་གེ་དང་པར་སོགས་བསྐུར་བ་དང་། ཁྱབ་བསྒྲགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག ཁོང་ནི་རྔ་པ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ཕ་སྐལ་བཟང་དང་། མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ཡིན་ཞིང་། མིང་སྲིང་བཞིའི་ཆེ་ཤོས་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་འདུག་པ་བཅས།།

Share with your friends










Submit