༢༠༡༦ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཨིན་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་སུ་ཝི་ཌེན་ Sweden རྒྱལ་ས་སི་ཊོག་ཧོམ་ Stockholm ནང་དུ་ཕྱི་ཟླ་ ༡༡ ཚེས་ ༡༩ ནས་ ༢༩ བར་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཁུལ་དེར་གནས་སྡོད་བོད་རིགས་རྣམས་དང་ཐུག་འཕྲད་གནང་འདུག
དེ་ཡང་ཕྱི་ཚེས་ ༡༩ ཉིན་སྐུ་ཚབ་དོན་གཅོད་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ཚོགས་མི་རྣམས་དང་ཐུག་འཕྲད་གནང་ནས་འཆར་ལོ་ཕྱི་ལོ་ ༢༠༡༧ ལོར་དོན་ཁང་དང་བོད་རིགས་ཚོགས་པ་གཉིས་ཐུན་མོང་ཐོག་ནས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཐད་གོ་བསྡུར་སྦྱངས་བཤད་གནང་འདུག
སྐབས་དེར་སྐུ་ཚབ་དོན་གཅོད་ཆོས་འཕེལ་ལགས་ནས་སུ་ཝི་ཌེན་བོད་རིགས་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ཚོགས་མི་རྣམས་ནས་ད་བར་བོད་དོན་ལས་འགུལ་ཐོག་མཉམ་རུབ་ཚགས་ཚུད་གནང་བར་བསྔགས་བརྗོད་དང་སྦྲགས་འབྱུང་འགྱུར་ཕྱི་ལོ་ ༢༠༡༧ ལོར་མུ་མཐུད་བོད་དོན་ལས་འགུལ་སྤེལ་སྐབས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་གནང་འདུག ལྷག་པར་འཆར་ལོ་ཕྱི་ལོ་ ༢༠༡༧ ལོ་དེ་ནི་སུ་ཝི་ཌེན་བོད་རིགས་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་ཚིགས་འཁེལ་བཞིན་ཡོད་སྟབས་བོད་དོན་ལས་འགུལ་ཐོག་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་དེ་བས་འོས་འཚམས་ལྡན་པ་ཞིག་ཡིན་སྐོར་གསུངས། དེ་རྗེས་སྐུ་ཚབ་དོན་གཅོད་ནས་ས་གནས་བོད་རིགས་མང་ཚོགས་རྣམས་དང་ཐུག་འཕྲད་གནང་སྐབས་སྐུ་ཚབ་དོན་གཅོད་ནས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། ལྷག་པར་ཕ་མ་ཚོས་རང་གི་ཕྲུ་གུ་རྣམས་ལ་བོད་ཀྱི་སྐད་ཡིག་ཐོག་ཥི་ཉམས་རྒྱུན་འཛིན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས་གཟའ་མཇུག་སློབ་གྲྭ་སོགས་ནང་ཕྲུ་གུ་ཆེད་མངགས་བཏང་ནས་བོད་ཡིག་སློབ་སྦྱོང་ཐོག་འབད་འབུང་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་བ་དང་། ས་གནས་བོད་རིགས་རྣམས་ཀྱིས་བོད་དོན་ལས་འགུལ་སྤེལ་སྐབས་ལྷག་བློ་ཆེ་སྐྱེད་ཐོག་ནས་མཉམ་རུབ་གནང་བར་བསྔགས་བརྗོད་དང་སྦྲགས་སླད་ཀྱང་བོད་མི་རིགས་ཀྱི་རྩ་དོན་ཆེད་བོད་དོན་བདེན་མཐའ་མ་གསལ་བར་འབད་བརྩོན་མུ་མཐུད་ནས་གནང་དགོས་སྐོར་གསུངས།
ཕྱི་ཚེས་ ༢༡ དང་ ༢༢ ཉིན་སྐུ་ཚབ་དོན་གཅོད་ནས་སུ་ཝི་ཌེན་ཡུལ་གྱི་གྲོས་ཚོགས་འཐུས་མི་ Swedish Parliamentarian བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་འདུག་པ་མ་ཟད། གྲོས་ཚོགས་ནང་བོད་དོན་གླེང་ཐབས་གནང་རོགས། ཞེས་འབོད་སྐུལ་ཡང་ཞུས་འདུག སྤྱིར་མཇལ་འཕྲད་ཞུས་པའི་གྲོས་ཚོགས་འཐུས་མི་ཚང་མས་གཅིག་གྱུར་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱིས་ཤ་ཚའི་རྣམ་འགྱུར་བསྟན་པ་ཙམ་མ་ཟད། འབྱུང་འགྱུར་ལོ་ཟླའི་ནང་གོ་སྐབས་ནམ་བྱུང་སྐབས་གང་ཐུབ་བོད་དོན་དང་བོད་མི་རྣམས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
ཕྱོགས་མཚུངས་དོན་གཅོད་ནས་ཡུལ་དེའི་ཕྱི་འབྲེལ་ལས་ཁུངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལས་ཁུངས་ནང་ཆེད་བཅར་གྱིས་འབྲེལ་ཡོད་ལས་བྱེད་རྣམས་དང་མཇལ་འཕྲད་ཞུས་འདུག །