༢༠༡༦ ཟླ་ ༡༡ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༣ ནས་ ༨ བར་རྒྱ་གར་གྱི་དབུས་སུ་ཆགས་པའི་ཆ་ཏི་སི་གྷར་མངའ་སྡེའི་གྲོང་ཁྱེར་ཨམ་བྷི་ཀ་པུར་ནང་ཚོགས་པའི་རྒྱལ་སྤྱིའི་བྱིས་པའི་དུས་སྟོན་ཐོག་མན་སྤར་དུ་ཡོད་པའི་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་རྣམས་མཉམ་ཞུགས་ཀྱིས་བོད་སྐོར་ངོ་སྤྲོད་གནང་འདུག
རྒྱལ་སྤྱིའི་བྱིས་པའི་ལོ་འཁོར་དུས་སྟོན་འདི་བཞིན་རྒྱལ་ཡོངས་ན་གཞོན་ལས་འཆར་གོ་སྒྲིག་ཚན་པའི་ཚོགས་གཙོ་སྐུ་ཞབས་ཝི་ནེ་གུཔྟ་ Shri Vinay Gupta ལགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག ཁོང་ལ་སྐུ་ཞབས་ཨེས་ཨེན་སུ་བྷ་རའོ་ Dr S N Suba Rao ལགས་ཀྱིས་ལམ་སྟོན་གནང་སྟེ་ཐེངས་འདིར་ལམ་ལྷོང་ལྡན་པའི་ཐོག་ནས་གོ་སྒྲིག་གནང་ཐུབ་པ་བྱུང་འདུག དེ་ཡང་དུས་སྟོན་འདི་བཞིན་ལོ་ལྟར་རྒྱ་གར་གྱི་གྲོང་ཁྱེར་འདྲ་མིན་ནང་གོ་སྒྲིག་ཞུ་བཞིན་ཡོད་འདུག
དུས་སྟོན་དེའི་དམིགས་ཡུལ་གཙོ་བོ་ནི་དུས་སྟོན་འདིའི་ཐོག་སློབ་གྲྭ་དང་ཚོགས་སྐྱིད་ཁག་འདྲ་མིན་མཉམ་འཛོམས་ཐོག་རིག་གཞུང་འཁྲབ་སྟོན་སོགས་ཀྱི་ལམ་ནས་འཚེ་མེད་ཞི་བ་དང་། བྱམས་བརྩེ། མཐུན་སྒྲིལ། འཆམ་མཐུན། སེམས་བཟང་སོགས་བཟང་པོའི་རིན་ཐང་དེ་དག་གོང་སྤེལ་གཏོང་ཐབས་ཆེད་ཡིན་ཞིང་། ཐེངས་འདིའི་ཉིན་གྲངས་དྲུག་རིང་གི་དུས་སྟོན་ཐོག་རྒྱ་གར་གྱི་མངའ་སྡེ་ཁག་ ༡༩ དང་བལ་ཡུལ་བཅས་ཀྱི་སློབ་གྲྭ་ཁག་འདྲ་མིན་གྱི་སློབ་ཕྲུག་མང་པོ་ཞིག་འདུ་འཛོམས་བྱུང་ཡོད་པ་དང་། སྐབས་དེར་མན་སྤར་དུ་ཡོད་པའི་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་རྣམས་ནས་ཀྱང་མཉམ་ཞུགས་གནང་འདུག
དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་མངའ་སྡེའི་བློན་ཆེན་སྐུ་ཞབས་རཱཇ་སིངྒ་དེཝ་ Raj Singh Dev མཆོག་གདན་ཞུ་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་སྐབས་འཕགས་བོད་དང་བལ་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་སྟེ་རྒྱལ་ཁབ་སོ་སོའི་རྒྱལ་གླུ་བཏང་ཡོད།
དུས་སྟོན་ཐོག་མན་སྤར་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་རིག་གཞུང་འཁྲབ་སྟོན་སོགས་གནང་ཡོད་པ་མ་ཟད། བོད་དང་འབྲེལ་བའི་འགྲེམས་སྟོན་ཡང་གནང་འདུག དེ་བཞིན་སློབ་ཕྲུག་རྣམས་ཀྱིས་རྩེད་རིགས་འདྲ་མིན་དང་འཁྲབ་སྟོན་སོགས་ཀྱི་ནང་ཆ་ཤས་བླངས་ཡོད། མན་སྤར་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་དུས་སྟོན་འདིའི་ཐོག་མཉམ་ཞུགས་བྱས་པ་ཐེངས་དང་པོ་ཆགས་ཡོད་པ་བཅས།།