༢༠༡༦ ཟླ་ ༡༡ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གསར་པར་འོས་འདེམས་བྱུང་བའི་སྐུ་ཞབས་ཨེན་ཊོ་ནིའོ་གུ་ཆེ་ར་སི་ Antonio Guterres མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ཟླ་བ་ཉིན་རྒྱ་ནག་ནང་འཚམས་གཟིགས་ཐེངས་དང་པོའི་སྐབས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་སྤྱི་ཁྱོན་ཡོངས་ནས་གུས་བཀུར་རྩི་མཐོང་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་སྐུ་ཞབས་ཨེན་ཊོ་ནིའོ་གུ་ཆེ་ར་སི་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ Wang Yi in དང་ལྷན་གསར་འགོད་ལྷན་ཚོགས་ཐོག་གསུང་དོན། ཐོབ་ཐང་མང་པོ་ཞིག་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་འཛམ་གླིང་འདིའི་སྟེང་། འགྲོ་བ་མིའི་ཐོབ་ཐང་གི་ཆ་ཤས་སུ་སྤྱི་འབངས་མི་སེར་གྱི་ཐོབ་ཐང་དང་ཆབ་སྲིད་ཀྱི་ཐོབ་ཐང་། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཐོབ་ཐང་དེ་དག་དོ་མཉམ་པའི་ཐོག་ནས་འགྲོ་ཐུབ་རྒྱུར་འབད་བརྩོན་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་ཡོད་པ་མ་ཟད། ཁོང་གིས་དངོས་སུ་རྒྱ་ནག་མིང་འབོད་མ་གནང་བར། དུས་ཀྱི་དགོས་མཁོ་ནི་རང་གིས་གཏན་ལ་ཕབ་པའི་ལྟ་གྲུབ་ཐོག་རང་ཉིད་ཤར་སྐྱོད་བྱེད་ཕོད་མཁན་གྱི་རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་དགོས་པ་དེ་ཡིན། ཞེས་གསུངས།
སྤྱི་ཁྱབ་དྲུང་ཆེ་མཆོག་གི་རྒྱ་ནག་ཏུ་རེས་གཟའ་མིག་དམར་ཉིན་འཚམས་གཟིགས་མཇུག་སྒྲིལ་གནང་འདུག་པ་དང་། དེ་སྔོན་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་བདུན་ཕྲག་གཅིག་རིང་ཕྱོགས་ཕེབས་གནང་འདུག་པ་བཅས།།