༢༠༡༦ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །བལ་ཡུལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༦ ཞོགས་པ་ཚོུད་ ༡༠།༠༠ ཐོག་བལ་ཡུལ་དོན་གཅོད་ཁང་གི་ཚོགས་ཁང་ནང་དུ་བལ་ཡུལ་བོད་མིའི་ས་ཡོམ་ཛ་དྲག་ཚོགས་ཆུང་གི་ཚོགས་མི་ལྷན་འཛོམས་ཐོག་ཕྱོགས་ཞུགས་བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཚོགས་ཆུང་གི་སྙན་ཐོ་དབུ་འབྱེད་གནང་ཡོད།
ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་བལ་ཡུལ་ནང་བསམ་ཡུལ་ལས་འདས་པའི་ས་ཡོམ་གི་གོད་ཆག་ཤུགས་ཆེ་བྱུང་བའི་སྐབས་དཔལ་ལྡན་བཀའ་ཤག་ནས་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་སླད་ཕྱི་ནང་གང་ས་སྒེར་སོ་སོའི་བློས་བཅད་ཞལ་འདེབས་བསྡུ་བསྐུལ་གནང་བར་བརྟེན། བལ་ཡུལ་བོད་མིའི་ས་ཡོམ་ཛ་དྲག་ཚོགས་ཆུང་ཟུར་འཛུགས་ཀྱི་ད་བར་ཚོགས་ཐེངས་བཅུ་དྲུག་ཙམ་ཚོགས་ནས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་བོད་མི་རྣམས་ལ་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་མི་ཚོ་ལས་ལྷག་པ་ལྟ་རྟོག་དང་གུན་གསབ་ཐོབ་པ་བྱུང་ཡོད། བལ་ཡུལ་ནང་གི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཕྱི་ནང་རོགས་རམ་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་དང་སྦྲགས་སྙན་ཐོའི་དེབ་རེ་ས་གནས་སོ་སོའི་སྦྲག་བྱང་ཐོག་འབུལ་རྒྱུ་ཡིན་པ་བཅས།།