༢༠༡༦ ཟླ་ ༡༡ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ཀྱི་ལས་དོན་དང་འབྲེལ་བའི་ལོ་འཁོར་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་དང་སྦྲགས། དཔལ་ལྡན་སྲིད་སྐྱོང་མཆོག་གི་དགོངས་དོན་ལྟར་ཟླ་ ༡༡ ཚེས་ ༡༢ ཉིན་རྒྱ་རིགས་ཀྱི་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་ཞིག་བཞུགས་སྒར་རྡ་རམ་ས་ལའི་ཕྱི་དྲིལ་ལས་ཁུངས་སུ་ཚོགས། འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་ཚན་པས་གཙོ་སྐྱོང་བྱས་པའི་རྒྱ་རིགས་ཀྱི་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་ཐེངས་དང་པོ་དེ་ཡིན།
ཟབ་སྦྱོང་ཚོགས་འདུའི་ཐོག་ཨ་རི་དང་། བྷེལ་ཇམ། ཐའེ་ཝན། རྒྱ་གར་བྷེང་ལོར་གྱི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། ལྡི་ལི་ནེ་ཧེ་རུ་གཙུག་ལག་སློབ་ཆེན་གྱི་ཤར་ཨེ་ཤི་ཡ་ཞིབ་འཇུག་ལྟེ་གནས་ཁང་གི་འབུམ་རམས་པ་ཁག་ཅིག་དང་བཅས་བསྡོམས་རྒྱ་རིགས་ཀྱི་ལས་དོན་དང་འབྲེལ་བའི་གཞོན་སྐྱེས་མི་གྲངས་ ༡༦ ཟབ་སྦྱོང་དུ་ཞུགས་ཡོད་པ་དང་། ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། བྱང་ཨ་རིའི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས། ཨ་རིར་གནས་སྡོད་བྱེད་མཁན་སྲིད་ཁྲིམས་རིག་པའི་མཁས་པ་བླ་མ་སྐྱབས་ལགས། ཐའེ་ཝན་དུ་གནས་པའི་ཟུང་དྲུང་བསོད་ནམས་རྡོ་རྗེ་ལགས། ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་ཤར་ཙོང་བསྟན་འཛིན་བདེ་ལྡན་ལགས་བཅས་ཀྱིས་བརྗོད་གཞི་ཀྲུང་གོར་རྒྱུས་ལོན་དང་།
རྒྱ་ནག་གཞུང་གིས་བོད་ཀྱི་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་བྱས་པ་ཡོ་བསྲང་། གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས། བོད་ཀྱི་ཡང་སྲིད་རིག་གནས། མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས། དེང་དུས་བོད་ཕྱི་ནང་གི་གནས་ཚུལ་བཅས་བརྗོད་གཞི་འདྲ་མིན་ཐད་འགྲེལ་བརྗོད་དང་དྲི་བ་དྲིས་ལན་གནང་། མཇུག་མཐར་ཚོགས་ཞུགས་པ་ཡོངས་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་བྱེད་སྒོ་འདིར་འཐད་པ་དང་བསྔགས་བརྗོད་གནང་བ་མ་ཟད། ལོ་རྗེས་མར་ད་དུང་མུ་མཐུད་དེ་རྒྱ་རིགས་ཀྱི་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་འཚོག་ཐུབ་པ་ཡོང་རྒྱུའི་རེ་བ་བཏོན།
རྒྱ་རིགས་ཀྱི་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་འདིའི་རྡོག་ཚིག་བཞེད་དོན་གཙོ་བོ་གསུམ་ཡིན་ཏེ། གཅིག རྒྱ་མི་རིགས་དང་འབྲེལ་ལམ་བཟོ་དགོས་པའི་རྒྱུ་མཚན་གང་ཡིན་པ་དང་། གཉིས། རྒྱ་མི་རིགས་དང་འབྲེལ་ལམ་བཟོས་ཏེ་དམིགས་ཚད་གང་འདྲ་ཞིག་ལ་སླེབས་ཐུབ་པ་བྱ་དགོས་པ། གསུམ། རྒྱ་མི་རིགས་དང་འབྲེལ་ལམ་ཇི་ལྟར་བཟོ་དགོས་བཅས་པ་ལ་སོགས་ཡིན། དེ་ཡང་ཐོག་མར་རྒྱ་རིགས་ཀྱི་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་མཁན་ཞིག་ཡིན་ན་གོང་སྨྲས་ཀྱི་བརྗོད་བྱ་དེ་དང་དེ་ལ་སོགས་པར་རྒྱུས་ལོན་ཡོད་དགོས། ཐེངས་འདིའི་རྒྱ་རིགས་ཀྱི་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་འདི་ནི་ཐོག་མ་འགོ་འཛུགས་པ་ཞིག་ཡིན་ཞིང་། རྨང་གཞི་འདིའི་སྟེང་ལོ་རྗེས་མར་རྒྱ་རིགས་ཀྱི་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་འཚོག་རྒྱུ་ཡིན་ནོ། །