ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཀོ་ལམ་བྷི་ཡའི་ Colombian སྲིད་འཛིན་སྐུ་ཞབས་ཡོན་མེ་ནུལ་སན་ཏོ་སི་ Juan Manuel Santos མཆོག་ནས་ཡུལ་དེའི་སྲིད་གཞུང་གིས་མི་ལོ་ ༥༢ རིང་འཐབ་རྒོལ་བྱས་པའི་གྱེན་ལོག་ཤོག་ཁག་ FARC ཞེས་པ་དང་འགྲིག་འཇགས་ཡོང་ཐབས་གནང་བའི་འབད་བརྩོན་ལ་བརྟེན། སྲིད་འཛིན་མཆོག་ལ་ཕྱི་ལོ་ ༢༠༡༦ ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ Nobel Prize for Peace འབུལ་རྒྱུའི་གསལ་བསྒྲགས་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༩ ཉིན་སྲིད་འཛིན་མཆོག་ལ་འཚམས་འདྲི་ཞུས་པའི་ནང་འཁོད་དོན། སྐུ་ཉིད་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པར་ངས་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། གཟེངས་རྟགས་འདི་ནི་སྐུ་ཉིད་མཆོག་གིས་དཀའ་ངལ་འཕྲད་བཞིན་དུ་ལྷག་བསམ་རྣམ་དག་ཐོག་ནས་རྒྱལ་ཁབ་ནང་ཞི་བདེ་བསྐྲུན་ཐབས་ཆེད་འབད་བརྩོན་གནང་བཞིན་པ་དེར་གུས་འདུད་ཞུས་པ་ཞིག་ཡིན།
དེང་འཛམ་གླིང་ནང་ལྟ་བ་མཆོག་འཛིན་ལ་གཞི་བཅོལ་བའི་འཚེ་བའི་དྲག་སྤྱོད་ལ་བརྟེན་ཕྱོགས་གང་སར་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར། སྐུ་ཉིད་མཆོག་གིས་འགྱུར་བ་མེད་པའི་ཆོད་སེམས་བརྟན་པོས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་གནང་བཞིན་པ་འདི་ནི་དོན་དམ་གྱིས་སེམས་འགུལ་དང་བློ་སྤོབས་སྐྱེ་གཞི་ཞིག་ཡིན།
ངོས་རང་རྒྱ་ནག་གིས་དབང་སྒྱུར་བྱས་པའི་རྒྱལ་ཁབ་ཞིག་གི་ཆབ་སྲིད་འགོ་ཁྲིད་ཡིན་སྟབས། སྐུ་ཉིད་མཆོག་གིས་རྩོད་རྙོག་རྣམས་འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པའི་ལམ་སྟོན་གནང་བ་འདི་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་རྒྱུ་མ་ཟད། ཐབས་ལམ་འདི་ནི་ང་ཚོར་མིག་དཔེ་ཞིག་ཆགས་ཡོད།
དེ་ཡང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས། དུས་རབས་ ༢༡ འདི་ནི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་པར་བཀའ་སློབ་སྩོལ་བཞིན་ཡོད། གྲོས་མོལ་གྱི་ལམ་ནས་ཕྱོགས་གཉིས་དབར་གྱི་མི་མཐུན་པ་རྣམས་སེལ་ནས་གཞི་མཐུན་འགྲིག་འཇགས་ཡོང་ཐུབ་བཞིན་ཡོད་པ་མ་ཟད། དེ་སྔ་སྤྱི་པའི་སྒྲིག་འཛུགས་ནས་ཟུར་བུད་བྱས་པའི་ཤོག་ཁག་ལའང་གྲོས་མོལ་གྱི་ལམ་ནས་སྤྱི་པའི་སྒྲིག་འཛུགས་ནང་བསྐྱར་དུ་མཉམ་ཞུགས་བྱས་པ་བརྒྱུད་ལས་དོན་ཐག་གཅོད་བྱ་རྒྱུའི་གོ་སྐབས་བསྐྲུན་བཞིན་ཡོད། དེར་བརྟེན་གྲོས་མོལ་ནི་སྔར་ལས་དགོས་མཁོ་ཧ་ཅང་ཆེ་བ་ཆགས་ཡོད།
ངས་སྐུ་ཉིད་མཆོག་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བ་དང་། གཟེངས་རྟགས་འདི་བརྒྱུད་སྐུ་ཉིད་མཆོག་གིས་མུ་མཐུད་གྲོས་མོལ་གྱི་ཐབས་ལམ་ཐོག་བསྐྱོད་ནས་རྒྱལ་ཁབ་ནང་དུ་ཞི་བདེ་དང་འཆམ་མཐུན་གྱི་ཉི་མ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན།།