༢༠༡༦ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །འདི་གར་སྦར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༢ ཉིན་བྷེ་ཇམ་གྱི་གྲོང་ཁྱེར་ཨེན་ཊི་ཝརྤ་དུ་བྷེལ་ཇམ་བོད་རིགས་ཚོགས་པས་འཛིན་སྐྱོང་བྱེད་བཞིན་པའི་ཤེས་རབ་སྣང་བྱེད་གཟའ་མཇུག་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༣ འཁོར་བའི་མཛད་སྒོ་ཚོགས་ཡོད།
དེ་ཡང་དུས་དྲན་མཛད་སྒོར་མེ་ཏོག་རིན་པོ་ཆེ་དང་། སྐུ་མགྲོན་གཙོ་བོ་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས། སྐུ་ཚབ་དོན་ཁང་གི་ལས་བྱེད། བོད་རིགས་ཚོགས་པའི་རྒྱུན་ལས་ཚོགས་མི། སློབ་གྲྭའི་འཛིན་སྐྱོང་འགན་འཛིན་གྱིས་གཙོས་སློབ་ཕྲུག་དང་ཕ་མ་བཅས་ཁྱོན་མི་གྲངས་ ༡༥༠ ཙམ་ལྷན་འཛོམས་ཀྱིས་ཐོག་མར། ༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། དེ་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་འདས་སོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་རིང་ཞུས། དེ་རྗེས་སྐུ་མགྲོན་རྣམ་པས་གསུང་བཤད་གནང་རྗེས་རིག་གཞུང་འཁྲབ་སྟོན་ཞུས། སྐབས་དེར་སྐུ་མགྲོན་གཙོ་བོས་བྷེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཚོགས་མི་རྣམ་པ་དང་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་བཅས་ཟུང་འབྲེལ་ཐོག་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་གནས་ཚད་གོང་སྤེལ་སླད་ནུས་པ་མཉམ་སྤུངས་གནང་བཞིན་པ་དེར་བསྔགས་བརྗོད་དང་སྦྲགས། ཕ་མ་རྣམས་ཀྱི་ངོས་ནས་ཀྱང་སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་ཡོང་སླད་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་གནང་འདུག
སྤྱིར་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡ ཉིན་བྷེལ་ཇམ་བོད་རིགས་ཚོགས་པས་ཁུལ་དེར་བོད་ཕྲུག་གི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་དགོས་མཁོར་གཟིགས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་གལ་ཆེར་རྩིས་ཏེ་སློབ་གྲྭ་དེ་ཉིད་གསར་འཛུགས་གནང་བ་ཞིག་ཡིན་འདུག ད་ལྟའི་ཆར་བྷེལ་ཇམ་གྱི་གྲོང་ཁྱེར་ཨེན་ཊི་ཝརྤ་ Antwerpen དང་མ་ཆེ་ལེན་ Machelen བཅས་ས་གནས་ཁག་གཉིས་ཀྱི་ནང་བོད་ཡིག་དང་བོད་སྐད་སྦྱོང་ཆེད་གཟའ་མཇུག་སློབ་གྲྭ་འཚོགས་བཞིན་ཡོད་པ་དང་། སློབ་གྲྭ་དེར་བོད་རིགས་སློབ་ཕྲུག་གྲངས་ ༡༢༠ ཙམ་ཡོད་འདུག་པ་བཅས།།