༢༠༡༦ ཟླ་ ༡༠ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་རྡ་སར་ཡོད་པའི་བྱམས་པ་གླིང་རྒས་གསོ་ཁང་གི་ངལ་གསོའི་ཚོགས་ཁང་གསར་པ་དབུ་འབྱེད་གནང་འདུག
་
དེ་ཡང་སྒོ་འབྱེད་ཀྱི་མཛད་སྒོའི་ཐོག་མར་རྒས་གསོ་ཁང་གི་འགན་འཛིན་དབང་ཆེན་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་བ་དང་ཆབས་ཅིག ངལ་གསོའི་ཚོགས་ཁང་གསར་པའི་ཕན་ཡོན་སྐོར་གསུངས་པ་དང་སྦྲགས། ཨ་རིར་རྟེན་གཞི་བྱས་པའི་བླ་མ་བཟོད་པ་རིན་པོ་ཆེའི་ནང་པའི་ཆོས་ཚོགས་ (FMPT) བརྒྱུད་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
ངལ་གསོའི་ཚོགས་ཁང་བརྒྱབ་དགོས་དོན་ནི། རྒན་རྒོན་རྣམས་བར་གསེང་སྐབས་རང་གི་ཁང་པའི་ནང་མ་གཏོགས་བཞུགས་ས་མེད་པ་དེ་འདྲ་མིན་པར། ཐུགས་ལྷོད་ལྷོད་ངང་ནས་འཛོམས་ས་དང་༸གོང་ས་མཆོག་གི་བཀའ་སློབ་གཙོ་བོར་གྱུར་བའི་བོད་དོན་དངོས་བྱུང་གི་འབྲེལ་ཡོད་གློག་བརྙན་རིགས་གཟིགས་ཐུབ་རྒྱུ་སོགས་ཀྱི་ཆེད་དུ་ཡིན་འདུག
སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་རྒན་རྒོན་རྣམས་ལ་སོ་སོའི་འཕྲོད་བསྟེན་དང་ཁོར་ཡུག་གཙང་སྦྲ་ཉར་དགོས་པ་ཧ་ཅང་གལ་ཆེ་ཡིན་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་སྤྱི་མཐུན་གྱི་བསོད་ནམས་གསོག་རྒྱུའི་ལས་ལ་འབུང་དགོས་པ་ཧ་ཅང་གལ་ཆེ་ཡིན་སྐོར་གསུངས། དེ་ཉིན་ནང་སྲིད་བཀའ་བློན་མཆོག་དང་ལྷན་ནང་སྲིད་དྲུང་ཚབ་འཆི་མེད་རིག་འཛིན་ལགས་དང་། དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས། དྲུང་གཞོན་བཀྲ་ཤིས་བདེ་སྐྱིད་བཅས་ཀྱང་ཕེབས་འདུག།