༢༠༡༦ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༣ ཉིན་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༦ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། སྤྱིར་ང་ཚོ་ཚང་མ་བོད་མི་ཞིག་ཡིན་པའི་ཆ་ནས་དང་། བོད་མི་རིགས་ཀྱི་ཤ་རུས་ནས་ཕྱེ་པ་ཡིན་པའི་ཆ་ནས་བོད་ཀྱི་སྲོལ་རྒྱུན་དང་རིག་གནས་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་ཚང་མར་ངེས་པར་ཚང་དགོས་པའི་འགན་འཁུར་དང་། ལྡོག་ཏུ་མེད་པའི་ལས་འགན་ཞིག་ཆགས་ཡོད། དེར་བརྟེན་བོད་རང་ལ་སྐྱེས་ནས་འཚར་ལོངས་བྱུང་བའི་བོད་པ་ཡིན་ནའང་འདྲ། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྐྱེས་ནས་འཚར་ལོངས་བྱུང་བའི་བོད་པ་ཡིན་ནའང་འདྲ། མདོར་ན་ང་ཚོ་བོད་མི་ཚང་མས་གཅིག་གྱུར་ཐོག་ནས་འབད་བརྩོན་བྱེད་དགོས་རྒྱུའི་གནས་སྟངས་ཆགས་ཡོད། གང་ཡིན་ཞེ་ན། བོད་མི་ནི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དར་སྤེལ་གཏོང་མཁན་ཞིག་ཆགས་ཡོད། བོད་ཀྱི་རིག་གཞུང་ནི་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཆགས་ཡོད། དེར་བརྟེན་བོད་ཀྱི་རིག་གཞུང་དང་བོད་མི་རིགས་དབར་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ཟབ་མོ་ཡོད་པ་འདི་ང་ཚོས་མཁྱེན་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་དྲན་གྱི་འདུག སྔོན་མ་བོད་ལ་སྐྱེས་པའི་བོད་མི་ཚོ་ཡིན་ན་སྐྱེས་ཙམ་ཉིད་ནས་རང་བཞིན་གྱི་བོད་མི་ཆགས་ཀྱི་ཡོད། བོད་མིའི་མཚན་ཉིད་ཚང་བ་ཆགས་རྒྱུའི་ཁོར་ཡུག་ཆ་ཚང་ཡོད། ང་ཚོའི་ཕ་མ་དང་སྤུན་མཆེད། གྲོགས་པོ། མཐའ་ན་དེའི་ཉེ་འཁོར་དུ་ཡོད་པའི་གངས་རི་དང་རྩི་་ཤིང་། དགོན་པ། གྲྭ་པ་སོགས་ཚང་མ་བོད་ཀྱི་རིག་གཞུང་གི་དགེ་རྒན་ལྟ་བུ་དང་། དེ་བཞིན་ཁྱིམ་ཚང་དང་སྤྱི་ཚོགས་ཡོངས་ཀྱི་ནང་བོད་ཀྱི་རིག་གཞུང་གི་བག་ཆགས་སམ་ཉམས་སྣང་གི་ཁེངས་ནས་ཡོད། དེར་བརྟེན་སྐབས་དེ་དུས་བོད་མི་མཚན་ཉིད་ཚང་བ་ཞིག་ཆགས་པ་ལ་ང་ཚོས་དབུགས་བཏང་བ་ལྟ་བུ་ཧ་ཅང་ལས་སླ་པོ་ཆགས་ཡོད། འོན་ཀྱང་ལོ་ངོ་བཅུ་ཕྲག་ལྔ་ལས་ལྷག་པའི་རིང་ལ་བོད་ཀྱི་གནས་བབ་དང་སྤྱི་ཚོགས། དེ་བཞིན་རང་བྱུང་ཁོར་ཡུག་བཅས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ནས་བོད་མི་གཞིས་བྱེས་གཉིས་སུ་ཁ་བྲལ་དགོས་པའི་གནས་སྟངས་ཆགས་པ་རེད།
དེ་བཞིན་བོད་མི་མང་པོ་ཞིག་སོ་སོའི་ཕ་ཡུལ་དང་ཁ་བྲལ་ནས་སྤྱི་ཚོགས་དང་ཁོར་ཡུག་གཞན་ཞིག་ནང་འཚར་ལོངས་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་སྟབས་འདིའི་ནང་ལ་བོད་མི་མཚན་ཉིད་ཚང་བ་ཞིག་ཆགས་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་སྔོན་མ་བོད་ལ་བསྡད་པ་བཞིན་ལས་སླ་པོ་གཅིག་དང་། དེ་བཞིན་ཚད་དང་ལྡན་པ་གཅིག་ཡོང་རྒྱུར་དཀལ་ལས་ཁག་པོ་ཆགས་བསྡད་ཡོད་རེད། གང་ལྟར་ཡང་བོད་མི་ཚང་མས་སེམས་ཤུགས་མ་ཆགས་པའི་ཐོག་ནས་གང་ལྟར་བོད་ནང་ལ་ཡིན་ནའང་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ལ་སྲུང་སྐྱོབ་བྱེད་རྒྱུའི་སྙིང་སྟོབས་སྔར་ལས་ལྷག་པ་གོང་འཕེལ་དུ་འགྲོ་ཐུབ་པའི་རྣམ་པ་གཅིག་ང་ཚོས་མཐོང་བཞིན་ཡོད། དེ་བཞིན་བོད་ནས་ཚུར་བོད་མི་མང་པོ་གཅིག་སོ་སོའི་ཆོས་དང་རིག་གཞུང་སྦྱང་རྒྱུའི་ཆེད་དུ་དཀའ་ངལ་དུ་མ་ཞིག་ཁྱད་དུ་བསད་ནས་རྒྱ་གར་ལ་ཡོང་། རྒྱ་གར་ནང་ལ་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་དང་། དེ་བཞིན་བོད་མི་རྒན་རབས་ཚོས་ལུས་ངག་ཡིད་གསུམ་གྱི་འབད་པ་མང་པོ་གནང་ནས་ང་ཚོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཁོར་ཡུག་ཧ་ཅང་གིས་ཡག་པོ་བསྐྲུན་ཡོད། དེའི་ནང་ལ་བོད་པའི་ཆོས་དང་རིག་གཞུང་ཉམས་ལེན་བྱེད་རྒྱུ་དང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་པ་དེ་ཧ་ཅང་གི་བསྐལ་པ་བཟང་པོ་གཅིག་དང་དེ་བཞིན་དགའ་བ་སྒོམ་འོས་པའི་གནས་སྟངས་ཤིག་རེད་བསམ་པ་དྲན་གྱི་འདུག མདོར་ན་ང་རང་ཚོའི་ལས་འགན་ནམ་འཐབ་རྩོད། ཡང་ན་ང་ཚོའི་གདོང་ལེན་བྱས་པའི་དཀའ་ངལ་འདི་གང་ཆགས་ཡོད་རེད་ཅེ་ན། ང་ཚོས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་ཏེ་དུས་རབས་དང་ཁོར་ཡུག་གི་འཕོ་འགྱུར་ནང་ལ་བོད་མི་རིགས་ཀྱི་གཟི་བརྗིད་དང་དོན་སྙིང་མ་བརླག་པའི་ཐོག་ནས་གང་འདྲ་བྱེད་ནས་འཚོ་གནས་ཐུབ་པ་བྱེད་དགོས་འདུག འདི་ང་ཚོས་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་བོད་ཀྱི་སྲོལ་རྒྱུན་གྱི་སྙིང་བཅུད་ཟེར་ནའང་འདྲ། སྲོལ་རྒྱུན་གྱི་རིག་གཞུང་གི་སྙིང་པོ་རྣམས་མི་རབས་གཅིག་ནས་གཅིག་ལ་བརྒྱུད་སྤྲོད་བྱས་ནས་མི་ཉམས་པ་གང་འདྲ་བྱེད་ཐུབ་ཀྱི་འདུག བསམ་བློ་གཏོང་རྒྱུ་དང་འབད་བརྩོན་བྱེད་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག དེ་བཞིན་ང་ཚོ་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་༸གོང་༸སྐྱབས་མགོན་ཆེན་པོ་ཆོག་གིས་དགུང་ལོ་ཆུང་ངུའི་དུས་ནས་ད་བར་དུ་གང་ལྟར་བཀའ་དྲིན་བསམ་ཚད་ལས་འདས་པ་གནང་ཡོད། ཁོང་གི་བཀའ་དྲིན་གང་འདྲ་བྱེད་ནས་གསབ་དགོས་ཀྱི་འདུག་གམ དེ་བཞིན་ང་ཚོའི་མི་རབས་རྒན་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ། བོད་མི་རིགས་ཀྱི་བདེ་དོན་གྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་དཀའ་ངལ་དུ་མ་ཞིག་ཁྱད་དུ་བསད་ཡོད། དེ་དག་གི་བཀའ་དྲིན་རྗེས་དྲན་དང་དྲིལ་ལན་ཇི་ལྟར་གསབ་དགོས་ཀྱི་འདུག་གམ འདི་དག་ང་ཚོས་ག་དུས་ཡིནའང་བསམ་བློ་གཏོང་རྒྱུ་དང་ལག་ལེན་སྤེལ་ཐབས་གང་འདྲ་བྱེད་དགོས་ཀྱི་འདུག་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད་རེད་དྲན་གྱི་འདུག དེ་བཞིན་ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལ་དད་མོས་བྱེད་མཁན་ཆགས་ཡོད།
དེར་བརྟེན་འགྲོ་བ་མི་སྤྱི་ལ་ཕན་པ་བསྒྲུབ་རྒྱུ་དང་དེ་ཇི་ལྟར་སྒྲུབ་རྒྱུའི་ཐོག་བསམ་བློ་དང་ཀུན་སློང་འཁྱེར་ཏེ་ལས་ཀ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ལྟ་བུའི་ལས་འགན་ཞིག་གམ་གནས་སྟངས་ལ་གདོང་ལེན་བྱེད་དགོས་སྟབས། དེ་འདྲའི་འགན་དེ་ཆབ་སྲིད་ལས་བརྒལ་བའི་གནས་ཚུལ་ཞིག་ཆགས་ཡོད། དེང་སྐབས་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་སྟངས་དང་ལངས་ཕྱོགས་ཀྱི་ཐོག་ནས་ཕྲན་བུ་མི་མཐུན་པ་དང་འགལ་ཟླ་ཤུགས་ཆེ་ཡོང་བཞིན་ཡོད། འོན་ཀྱང་ངོས་ཀྱིས་ད་ལྟ་གོང་དུ་ཞུས་པ་བཞིན་ང་ཚོའི་ལས་འགན་འདི་ཆབ་སྲིད་ཙམ་མིན་པར་ཆབ་སྲིད་ལས་བརྒལ་བའི་ལས་འགན་རླབས་པོ་ཆེ་ཞིག་ཡོད་པ་དེ་ཤེས་དགོས་ཀྱི་རེད། སྤྱིར་བཏང་མང་ཚོགས་དང་འབྲེལ་བའི་གནས་ཚུལ་དེ་དག་ཆབ་སྲིད་དང་ཁ་བྲལ་ཐབས་མེད་པའི་གནས་ཚུལ་ཆགས་ཡོད། འོན་ཀྱང་ང་ཚོའི་བསམ་བློ་གཏོང་སྟངས་དང་ལག་བསྟར་བྱེད་སྟངས་ཚང་མ་ངེས་པར་དུ་ཆབ་སྲིད་ཀྱི་རྩོད་གཞི་ལས་བརྒལ་བའི་ཐོག་ནས་འགྲོ་དགོས་ཀྱི་རེད། གང་ལ་ཞེ་ན། ཆབ་སྲིད་ཀྱི་དམིགས་ཡུལ་དེ་འཕྲལ་མར་འགྱུར་འགྲོ་གི་ཡོད། ཆབ་སྲིད་ཀྱི་མི་སྣ་དེ་ཚོ་ཡིན་ནའང་ལོ་ཤས་ནང་འཕོ་འགྱུར་འགྲོ་རྒྱུ་རེད། འོན་ཀྱང་ང་ཚོས་སོ་སོའི་ཆོས་དང་རིག་གཞུང་། སྲོལ་རྒྱུན་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱེད་དགོས་རྒྱུ་ཞིག་ཆགས་ཡོད། དེ་བཞིན་ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དུས་ནམ་ཡང་འགྱུར་བ་མེད་པའི་དད་པ་དང་མོས་གུས་བརྟན་པོ་ཞིག་དགོས་ཀྱི་རེད་བསམས་ཀྱི་འདུག དེ་བཞིན་འགྲོ་བ་མི་ཧྲིལ་པོའི་ཕན་བདེའི་ཆེད་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱེད་དགོས། འདི་དག་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མི་འདྲ་བ། འཕྲལ་མར་འགྱུར་བ་དང་འཕྲལ་གྱི་ཁེ་ཕན་ལ་བསམ་བློ་བཏང་སྟེ་འགྱུར་བ་གཏོང་རྒྱུའི་གནས་སྟངས་ཤིག་ཕལ་ཆེར་ཆགས་ཀྱི་མེད། དེ་བཞིན་ང་ཚོ་ཚང་མས་ཁེངས་སྐྱུང་བྱས་ཏེ་འཛམ་གླིང་འདིའི་སྟེང་ཡོད་པའི་སྐྱབས་བཅོལ་མི་རིགས་གཞན་རྣམས་དང་གྲངས་ཉུང་མི་རིགས་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་སོགས་ཁོང་ཚོའི་གནས་སྟངས་ནས་ང་ཚོས་སློབ་སྦྱོང་བྱེད་དགོས། འཛམ་གླིང་འདིའི་སྟེང་སྐྱབས་བཅོལ་བ་བོད་མི་ཁོ་ན་མིན། ང་ཚོ་ལས་ཐབས་སྐྱོ་བའི་གནས་སྟངས་འོག་ཡོད་པའི་སྐྱབས་བཅོལ་བ་མང་པོ་ཡོད། དཔེར་ན། སི་རི་ཡའི་རྒྱལ་ཁབ་ནང་དུ་ནང་འཁྲུག་བྱུང་སྟེ་མི་མང་ས་ཡ་མང་པོ་སོ་སོའི་རྒྱལ་ཁབ་ནང་བསྡད་མ་ཐུབ་པའི་གནས་སྟངས་ཆགས་ཡོད། དེ་དག་གི་ཐོག་བསམ་བློ་གཏོང་དུས་བོད་མི་སྐྱབས་བཅོལ་བའི་གནས་སྟངས་དེ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པ་ཚོར་ཐུབ།
དེ་བཞིན་ང་ཚོས་བབ་ལྷིང་བརྟན་གསུམ་གྱི་སྒོ་ནས་དུས་རབས་དང་ཁོར་ཡུག་གི་འཕོ་འགྱུར་ལ་ལྟ་ཞིབ་བྱས་ཏེ་བོད་མི་རིགས་ཀྱི་ཆེད་ཕུགས་རྒྱང་རིང་པོའི་འཆར་གཞི་ཞིག་བཀོད་ཐུབ་པ་བྱེད་དགོས། ད་ལྟ་ང་ཚོ་བཙན་བྱོལ་ནང་སྔར་དང་མི་འདྲ་བར་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད། གཅིག་ནི་བོད་ནས་ཚུར་ཡོང་མཁན་བོད་མི་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་བཙན་བྱོལ་ནང་བོད་མིའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད། མང་པོ་ཞིག་ཕྱི་རྒྱལ་ལ་འགྲོ་བ་དང་ཁག་གཅིག་བོད་ལ་ལོག་འགྲོ་མཁན་ཡོད། དེར་བརྟེན་བཙན་བྱོལ་ནང་བོད་མིའི་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་སྟབས། འདི་ལྟ་བུའི་དུས་ཚོད་སྐབས་ང་ཚོས་ངེས་པར་དུ་དུས་རབས་དང་ཁོར་ཡུག་གི་འཕོ་འགྱུར་གང་འདྲ་འགྲོ་གི་ཡོད་པ་དེར་ལྟ་ཞིབ་བྱས་ཏེ་མ་འོངས་ཕུགས་རྒྱང་རིང་པོའི་འཆར་གཞི་བཀོད་ཐུབ་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག ལོ་ཁ་ཤས་རིང་འགྲོ་ཐུབ་ཙམ་གྱི་འགྲིག་ཐུབ་རྒྱུ་མེད། གོང་དུ་བཀའ་སློབ་གནང་མཁན་ཚོས་གསུངས་པ་ལྟར། བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་རིན་ཐང་ལྟ་བུ་ནི་ཕལ་ཆེར་ནང་ཆོས་དང་འབྲེལ་བ་ཆགས་པའི་གནས་ཚུལ་ཆགས་ཡོད། སྤྱིར་ནང་པ་སངས་རྒྱས་པར་བཀའ་འགྱུར་བསྟན་འགྱུར་ལ་སོགས་པ་དང་། དེ་བཞིན་བོད་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་སྟོང་ཕྲག་ཁྲི་ཕྲག་མང་པོ་ཡོད། འོན་ཀྱང་གལ་ཆེ་ཤོས་ནི་སོ་སོའི་མི་ཚེ་ནང་ཉམས་ལེན་བྱས་ནས་བསམ་བློར་འགྱུར་བ་གཏོང་རྒྱུ། སེམས་པ་བཟང་དུ་གཏོང་རྒྱུ། སེམས་ལ་ཞི་བདེ་བསྐྲུན་རྒྱུ། བྱམས་པ་དང་སྙིང་རྗེ་ཡར་རྒྱས་གཏང་རྒྱུ། རྟེན་འབྱུང་གི་ལྟ་བ་ལ་སོགས་པ་གོ་རྟོགས་གཏིང་ཟབ་ཡོང་རྒྱུ་དེ་དག་རིན་ཐང་ཆེ་ཤོས་ཆགས་ཡོད། དེར་བརྟེན་ང་ཚོ་བོད་མིའི་སྙན་རྩོམ་དང་། གླུ། རི་མོ། ཟློས་གར་སོགས་གང་འདྲ་ཞིག་བྱས་པ་ཡིན་ནའང་། དེའི་ནང་ནང་ཆོས་ཀྱི་སྙིང་པོ་ཕལ་ཆེར་ག་དུས་ཡིན་ནའང་མཚོན་ཐུབ་རྒྱུའི་བཟོ་འདྲ་བོ་ཞིག་དང་། དེ་བཞིན་འགྲོ་བ་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་གུས་བཀུར་ཇི་ལྟར་བྱེད་ཀྱི་ཡོད་པ་ཕལ་ཆེར་མཚོན་ཐུབ་རྒྱུ་ཞིག་ཆགས་ཡོད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་ལས་ཀ་དང་། སློབ་སྦྱོང་། དེ་བཞིན་ངལ་གསོའི་དུས་ཚོད་སྐབས་ཡིན་ནའང་རེད། ག་དུས་ཡིན་ནའང་འགྲོ་བ་མིའི་ཕན་པ་བསྒྲུབ་རྒྱུ་མ་བརྗེད་པ་བྱ་རྒྱུ་ནི་བོད་ཀྱི་རིག་གཞུང་གི་རིན་ཐང་ཟེར་ན་རེད་ཁྱད་ཆོས་ལྟ་བུ་ཕལ་ཆེར་ཆགས་ཡོད།
དེ་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་གནད་འགག་ཆེ་ཤོས་དེ་གང་ཆགས་ཡོད་ཅེ་ན། བོད་ཀྱི་སྐད་ཡིག་ཆགས་ཡོད། སྐད་དང་རིག་གཞུང་ཉམས་ཆགས་འགྲོ་རྒྱུ་ནི་ལས་སླ་པོ་དང་ཧ་ཅང་མགྱོགས་པོ་ཆགས་ཡོད་པར་བརྟེན། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་གནད་འགག་ཆེ་ཤོས་ཤིག་ནི། ང་རང་ཚོའི་ངོས་ནས་སྲོལ་རྒྱུན་རིག་གཞུང་ལ་གུས་བཀུར་དང་བརྩེ་སེམས་ཡོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གལ་སྲིད་ང་རང་ཚོ་བོད་པའི་ངོས་ནས་སོ་སོའི་ཆོས་དང་རིག་གཞུང་ལ་གུས་བཀུར་མ་བྱས་པ་ཡིན་ན། ང་ཚོས་མི་གཞན་གྱིས་ང་ཚོའི་ཆོས་དང་རིག་གཞུང་ལ་གུས་བཀུར་བྱེད་དགོས་པའི་སྐད་ཆ་དེ་ཕལ་ཆེར་བཤད་ཐུབ་རྒྱུ་མེད་པའི་བཟོ་འདྲ་བོ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་དུས་ཐོག་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངས་སྲོལ་རྒྱུན་རིག་གཞུང་ཞེས་མང་པོ་བཤད་ཡོང་དུས་མང་པོ་ཞིག་གིས་ཀླད་པ་མཁྲེགས་པོ་ཞིག་དང་། མགོ་མཁྲེགས་པོ་འདུག་བསམ་པ་དྲན་གྱི་རེད། ཡིན་ནའང་སྲོལ་རྒྱུན་རིག་གཞུང་ང་ཚོས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས་རེད་དེ། འོན་ཀྱང་སྲོལ་རྒྱུན་ཁོ་ན་མིན་པར་ངེས་པར་དུ་བསམ་བློ་གསར་པ་དང་། ཤེས་བྱ་གསར་པ། ནུས་པ་གསར་པ་དེ་དག་ལ་སློབ་སྦྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་རེད་བསམ་པ་དྲན་གྱི་འདུག ཨིན་ཇིའི་སྐད་ལ་ Global Village ཟེར་དུས་འཛམ་གླིང་གི་གྲོང་ཚོ་ཟེར་རྒྱུ་ལྟ་བུ་གང་ལྟར་འཛམ་གླིང་ཚང་མ་ཕན་ཚུན་ཐག་ཉེ་བོ་ཧ་ཅང་ཕྱིན་ཏེ་འབྲེལ་ཐག་ཉེ་བོ་ཧ་ཆང་ཆགས་ཡོད། དེ་འདྲའི་དུས་རབས་ཤིག་གི་ནང་སླེབ་ཡོད་སྟབས། ང་ཚོ་ངེས་པར་དུ་དུས་རབས་འདི་འདྲ་ཞིག་གི་ནང་འཚོ་གནས་བྱེད་རྒྱུར་ངེས་པར་དུ་བསམ་བློ་གསར་པ་དང་། ཤེས་བྱ་གསར་པ། ནུས་པ་གསར་པ་མ་བརྗོད་རང་བརྗོད་ཆགས་ཀྱི་རེད་བསམ་པ་དྲན་གྱི་འདུག དེ་བཞིན་ཤེས་བྱ་གསར་པ་དེ་དག་བསླབ་པ་ཡིན་ན། སོ་སོའི་སྲོལ་རྒྱུན་རིག་གཞུང་དར་སྤེལ་དང་སྲུང་སྐྱོབ་བྱེད་རྒྱུར་ཕན་ནུས་ཆེན་པོ་ཡོང་གི་རེད་དྲན་གྱི་ཡོད། དེའི་ནང་ནས་ཀྱང་གལ་ཆེ་ཤོས་ནི། གོང་དུ་ཞུས་པ་བཞིན་སྐད་ཡིག་ཆགས་ཡོད། སྐད་ཡིག་ཉམས་ཆགས་ཕྱིན་པ་ཡིན་ན། ང་ཚོ་དང་སྲོལ་རྒྱུན་རིག་གཞུང་དབར་གྱི་འབྲེལ་བ་དེ་ཆད་འགྲོ་གི་ཡོད། གནད་འགག་དེ་དག་མཁྱེན་པའི་ཐོག་ནས་སྔར་ཡང་འབད་བརྩོན་གནང་བ་རེད། མ་འོངས་པར་མུ་མཐུད་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན།
དེ་རིང་ཕྱོགས་གཅིག་ནས་མཛད་སྒོ་ཆགས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་གླིང་ཁ་རེད། གླིང་ཁའི་དུས་ཚོད་ཡིན་པར་བརྟེན་ངས་མང་པོ་ཞུས་པ་ཡིན་ན། ཚང་མ་ཉོབ་ནས་ཐུགས་སྤྲོ་བོ་ཡོང་ས་མ་རེད། མཐའ་དོན་རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། དེ་བཞིན་བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ཡོད།