༢༠༡༦ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༩ ཉིན་རྒྱ་གར་མ་ཧཱ་རཱཤ་ཏྲ་མངའ་སྡེའི་གྲོང་ཁྱེར་ནག་པུར་ Nagpur དུ་རྟེན་གཞི་བྱས་པའི་འབྲུག་གི་ཕོ་བྲང་། ཞེས་པའི་གསོལ་མགྲོན་ཁང་དུ་ཕྱི་དྲིལ་འཕགས་བོད་འབྲེལ་མཐུད་ལས་ཁང་དང་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་ཐོག་རྒྱ་གར་ཐུགས་རྗེ་ཆེ། Thank You India ཞེས་པའི་ལས་འགུལ་གྱི་ཆ་ཤས་དང་འབྲེལ་དབུ་འབྱེད་མཛད་སྒོ་ཚོགས་ཡོད། སྐབས་དེར་ཐོག་མར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་གྲངས་ ༡༤༤ ཡིས་བོད་མི་རིགས་དང་རྩ་དོན་ཆེད་རང་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་པ་ཕོ་མོ་འདས་སོན་ཡོངས་ལ་མྱ་ངན་གུས་འདུད་ཞུ་སླད་སྣང་གསལ་ཞལ་ཕྱེ་གནང་བ་དང་སྦྲགས་སྨོན་ལམ་གསུང་འདོན་གནང་།
སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ལས་ཁང་གི་ཚོགས་གཙོ་སྐུ་ཞབས་ཨར་ཀེ་ཁིར་མེ་ Shri R K Khrimey མཆོག་དང་། ཚོགས་གཞོན་སྐུ་ཞབས་ཨར་ཝིནྡ་ནི་ཀོ་སི་ Shri Arvind Nikose མཆོག དེ་བཞིན་མཧཱ་རཱཤཏྲ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ ཞབས་སན་དེ་ཤི་མི་ཤི་རམ་ Shri Sandesh Meshram མཆོག དེ་བཞིན་སྤྱི་འཐུས་ཀརྨ་དགེ་ལེགས་ལགས། བྷན་ད་ར་ནོར་རྒྱས་གླིང་བོད་མིའི་ས་གནས་འགོ་འཛིན་ཀརྨ་དར་རྒྱས་ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་འབྲེལ་ཡོད་ལས་བྱེད། ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འབྲེལ་ཡོད་ལས་བྱེད།
དེ་བཞིན་ས་གནས་རྒྱ་གར་དང་བོད་རིགས་ཁག་གཅིག་བཅས་ཚང་འཛོམས་ཐོག་མཛད་སྒོ་དབུ་འབྱེད་ཀྱིས་ཐོག་མར་སྐུ་མགྲོན་གཙོ་སྐུ་ཞབས་ཁིར་མེ་ Shri R K Khrimey མཆོག་གིས་གསུང་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་༸ཞབས་སོར་འཁོད་ཐུབ་པ་ནི་རྒྱ་གར་ནང་པ་རྣམས་ལ་བསོད་ནམས་ཀྱི་གོ་སྐལ་ཞིག་ཡིན། ཕྱི་ལོ་ ༡༩༥༩ གོང་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་མ་བྱས་གོང་འཕགས་བོད་ཡུལ་གཉིས་དབར་ཞི་བདེ་བག་ཕེབས་ཐོག་ནས་ས་མཚམས་བདག་སྲུང་བྱས་བཞིན་ཡོད།
འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་དྲག་པོའི་བཙན་ཤུགས་འོག་ནས་བོད་སར་ཁྲིམས་འགལ་ཐོག་དབང་སྒྱུར་བྱས་པ་ནས་བཟུང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བ་བྱུང་རྗེས་ས་མཚམས་ཐོག་ཕྱོགས་གཉིས་ཀས་འདས་པའི་ལོ་མང་རིང་ནས་དངངས་སྐྲག་བྱེད་དགོས་པའི་གནས་སྟངས་འོག་གནས་དགོས་པ་ཆགས་ཡོད་པ་མ་ཟད། ཉིན་ལྟར་དངུལ་ཧ་ཅང་ཕོན་ཆེན་པོ་འགྲོ་གྲོན་བཏང་དགོས་པའི་གནས་སྟངས་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
མཛད་སྒོ་ཉིན་དང་པོའི་སྐབས་བོད་ཀྱི་གནད་དོན་དང་འབྲེལ་བའི་མཁས་པའི་གཏམ་བཤད་གཉིས་དང་འཕགས་བོད་འབྲེལ་ལམ་སྐོར། ཕ་ཡུལ་ཕྱོགས་སུ་རྒྱང་བལྟ་བྱས་པ། ཞེས་པའི་པར་རིས་འགྲེམས་སྟོན་གོ་སྒྲིག་གནང་འདུག གཞན་ཡང་བྷན་ད་ར་ས་གནས་སུ་རྟེན་གཞི་བྱས་པའི་ས་གནས་ཡན་ལག་སྨན་རྩིས་ཁང་ནས་སྐུ་ཐང་འགྲེམས་སྟོན་དང་། རིན་མེད་ནད་གཞི་བརྟག་དཔྱད་དང་རྩིས་སྐོར་བ་སོགས་གནང་འདུག
དེ་ཡང་ཉིན་དང་པོའི་བོད་དོན་དང་འབྲེལ་བའི་མཁས་པའི་གཏམ་བཤད་དང་དེའི་ཐོག་བགྲོ་གླེང་ཚོགས་སྐབས། བོད་ཀྱི་ཁོར་ཡུག་སྐོར་ལ་ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་གསུང་བཤད་གནང་སྐབས།
ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨམ་རུ་ཏི་བྷན་སུ་དི་ Shri Amruth Bansood ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་། གཞན་ཡང་སྐབས་དེར་ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་བསྟན་འཛིན་ཚུལ་ཁྲིམས་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་པོའི་དཔུང་དམག་གི་ཚོགས་ཁག་རྒྱ་སྐྱེད་ཤུགས་ཆེ་གཏོང་བཞིན་པ་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐད་དོ་ཕོག་ཇི་ལྟར་འགྲོ་བཞིན་པའི་སྐོར་གཏམ་བཤད་གནང་འདུག
ཕྱོགས་མཚུངས་རྒྱ་གར་རཱ་ཇི་སེ་ཐན་ Rajasthan མངའ་སྡེའི་གྲོང་ཁྱེར་ཁེ་ཏྲི་ Khetri ནང་རྟེན་གཞི་བྱས་པའི་གཞུང་གི་མཐོ་སློབ་ Government College ཀྱི་གཙུག་ལག་སློབ་དཔོན་སྐུ་ཞབས་ཤྱཱམ་ནཱཐ་མིཤྲ་ Shyam Nath Mishra ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསུང་བཤད་གནང་བ་དང་། ནག་པུར་མཐོ་སློབ་ Nagpur University ཀྱི་འབུམ་རམས་པ་པུ་རན་མི་ཤི་རམ་ Dr.Puran Meshram ལགས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་བོད་ཀྱི་གནས་བབ། ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ། གཞན་ཡང་ཁྲིམས་རྩོད་པ་དང་ཡིག་སྒྱུར་བ།
དེ་བཞིན་སྤྱི་ཚོགས་ལས་འགུལ་སྤེལ་མཁན། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སན་དེ་ཤི་བྷ་ལེ་ཀར་ Sandesh Bhalekar ལགས་ཀྱིས་བོད་དོན་གཏམ་བཤད་གནང།
ཕྱོགས་མཚུངས་གཏམ་བཤད་ལེ་ཚན་གཉིས་པའི་སྐབས་གཙོ་སྐྱོང་གནང་མཁན་རྒྱ་གར་ཐུགས་རྗེ་ཆེ། ཞེས་པའི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་དང་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སྐུ་ཞབས་ས་ཅིན་རཱམ་ཊེ་ཀེ་ Shri. Sachin Ramteke ལགས་ཡིན་པ་དང་།
སྐབས་དེར་ནག་པུར་མཐོ་སློབ་ཀྱི་འབུམ་རམས་པ་སྐུ་ཞབས་བྷ་ཧུ་ཝ་ལོག་ཁན་ཌེ་ Dr. Bhau Lokhande ལགས་ཀྱིས་སྐུ་ཞབས་བྷིམ་རའོ་ཨེམ་བྷེ་དི་ཀར་ Dr. Babasaheb Ambedkar མཆོག་གིས་བོད་དོན་ཐོག་དགོངས་བཞེད་གནང་ཕྱོགས་ཐད་གཏམ་བཤད་སྤེལ་རྗེས། ཝ་ཎ་བོད་ཀྱི་མཐོ་སློབ་ཁང་ Central University of Tibetan Studies ནས་རིག་པའི་ཆུ་གཏེར་མེ་ཧཱར་སིངྒ་ནེ་གི་ལགས་ཀྱིས་བོད་ནང་དུ་ནང་ཆོས་དར་ཚུལ་དང་། བོད་ཀྱི་ནང་ཆོས་དང་དཔལ་ན་ལེནྡྲའི་སྲོལ་རྒྱུན་དང་འབྲེལ་བ་ཇི་ཡོད། སྐོར་གྱི་གཏམ་བཤད་ལེགས་པར་གྲུབ་རྗེས་དྲི་བ་དྲིས་ལན་གནང་ཡོད་པ་བཅས།།