༢༠༡༦ ཟླ་ ༩ ཚེས་ ༦ རེས་གཟའ་མིག་དམར།
༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༥ ཉིན་སྦིར་བོད་ཁམས་བཟོ་གཞིས་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གི་སྐུ་ཚབ་ཏུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཕེབས་ཡོད། དེ་ཡང་སྦིར་བོད་ཁམས་བཟོ་གཞིས་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གི་སྐུ་ཚབ་ཏུ་དཔལ་འབྱོར་བཀའ་བློན་མཆོག་སྐུ་མགྲོན་དུ་གདན་ཞུས་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༤༥ ཐོག་ནང་སྲིད་དྲུང་ཚབ་འཆི་མེད་རིག་འཛིན་ལྷན་ཕེབས་ཐོན་གནང་སྟེ་ས་གནས་སུ་མ་འབྱོར་གོང་ས་མཚམས་ཕེབས་སྒོར་སྦིར་ས་གནས་འགོ་འཛིན་རྣམ་པ་དང༌། ས་གནས་འཐུས་ཚོགས་ཀྱི་ཚོགས་མི། གཞན་ཡང་འབྲེལ་ཆགས་མི་སྣ་ཁག་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས།
མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་སུ་རྡིར་ཤར་མ་མཆོག་མཛད་སྒོར་ཕེབས་བཅར་མ་ཐུབ་ཀྱང༌། དམིགས་བསལ་སྐུ་མགྲོན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤོ་རི་ལལ་(Kishori Lal)མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ། དགོན་སྡེ་ཁག་གི་བསྟན་བདག་བླ་མ་རྣམ་པ། དེ་བཞིན་མངའ་སྡེའི་མི་མང་གི་འཐུས་མི་དང་རྒྱ་གར་ས་གནས་ལས་ཁུངས་ཁག་གི་གལ་ཆེའི་མི་སྣ་ཁག་བཅས་ཁྱོན་མི་གྲངས་ ༡༥༠༠ བརྒལ་བར་མཛད་བཅར་གནང་ཐོག་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་མཛད་སྒོ་དབུ་འཛུགས་ཞུས།
དཔལ་འབྱོར་བཀའ་བློན་མཚོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བཀའ་ཤག་དང་དཔལ་ལྡན་སྲིད་སྐྱོང་མཆོག་གི་སྐུ་ཚབ་གནང་སྟེ་མང་ཚོགས་ལ་བཀའ་ཤག་གི་འཚམས་འདྲི་ཞུ་བ་དང་སྦྲགས་གསུང་བཤད་གཟབ་རྒྱས་གནང་བའི་སྙིང་དོན་དུ། དེ་རིང་བོད་ཁམས་བཟོ་གཞིས་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་ལ་ཕྱི་མིག་ཞིག་ལྟོས་ཚེ་མི་རབས་གོང་མས་སྐུ་ལས་སྐྱོན་པས་བཀའ་དྲིན་ལ་བརྟེན་ནས་ཆོས་དང་རིག་གཞུང༌། ཐུན་མོང་མ་ཡིན་པའི་སྐད་ཡིག་དང་གོམས་གཤིས་བཟང་པོ་བཅས་ད་བར་མི་ཉམས་རྒྱུན་འཛིན་ཐུབ་པར་ཐོག་མའི་དབུ་ཁྲིད་གནང་མཁན་འདས་གསོན་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་བསྔགས་བརྗོད་ཞུ་རྒྱུ་དང་ཆབས་ཅིག་འབྱུང་འགྱུར་བོད་ཀྱི་རྩ་དོན་གྱི་བདེན་མཐའ་མ་གསལ་དེ་སྲིད་དུ་ན་གཞོན་རྣམས་ནས་ཁོངས་རྣམས་ཀྱི་གཟིགས་རྒྱང་གི་དམིགས་ཡུལ་ཇི་བཞིན་རྒྱུན་འཛིན་དང་གཅེས་སྲུང་མུ་མཐུད་མཇུག་སྐྱོང་གནང་རྒྱུ་ཤིན་ཏུ་གལ་ཆེ་ཡིན་སྐོར་སོགས་གསུངས།
དེ་རྗེས་སྐུ་མགྲོན་རྣམས་ནས་རིམ་བཞིན་གསུང་བཤད་གནང་གྲུབ་མཚམས་སྡེ་ནང་གཞིས་ཁག་གཉིས་དང་ལི་ལིའི་གྲོང་སྡེ་བཅས་ནས་རིག་གཞུང་གཞས་སྣ་རེ་གཟིགས་འབུལ་རྗེས་གུང་ཚིགས་འདེགས་འབུལ་ཞུས། དེ་ནས་མཛད་སྒོ་དངོས་གཞི་ལེགས་པར་གྲུབ་ཏེ་དགོང་དྲོ་ཕྱག་ཚོད་ ༤ ཙམ་ལ་རྡ་སར་ཕྱིར་འཁོར་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།