༢༠༡༦ ཟླ་ ༩ ཚེས་ ༢༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༣ རེས་གཟའ་པ་སངས་ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བཞི་པའི་སྐབས། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སཏྱ་ཝརཏ་ཅ་ཏུར་ཝེ་དི་ Shri Satyavrat Chaturvedi མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཏམ་ར་དི་ཝ་ཇི་ས་ཧུ་ Shri Tamradhwaj Sahu མཆོག་རྣམ་གཉིས་ཟུར་ཉན་དུ་ཕེབས་འདུག
སྤྱིར་དེ་ཉིན་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམ་གཉིས་དང་དམིགས་བསལ་ཟུར་དུ་མཇལ་འཕྲད་གནང་ནས་བཀའ་མོལ་ཁྱུག་ཙམ་གནང་འདུག དེ་རྗེས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་གཉིས་བོད་ཀྱི་དཔེ་མཛོད་ཁང་དུ་ཕེབས།
སྐུ་ཞབས་སཏྱ་ཝརཏ་ཅ་ཏུར་ཝེ་དི་ Shri Satyavrat Chaturvedi མཆོག་ནི་མདྱ་པྲ་དེ་ཤི་ Madhya Pradesh མངའ་སྡེའི་གྲོས་ཚོགས་འཐུས་མི་ཡིན་ཞིང་། སྐུ་ཞབས་ཏམ་ར་དི་ཝ་ཇི་ས་ཧུ་ Shri Tamradhwaj Sahu མཆོག་ནི་ཆ་ཏི་སི་གར་ Chhattisgarh ནས་ཡིན་འདུག