ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༤ ཉིན་ཕྱི་དྲོ་ཆུ་ཚོད་ ༤་ཡོལ་ཙམ་ལ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རཱམ་ཀུ་མར་ Ram Kumar kashyap མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤ་རཏ་ཏྲི་པ་ཁྲི་ Sharad Tripathi མཆོག གཞན་ཡང་ཧ་རི་ཡ་ན་མངའ་སྡེའི་ BJP ཆབ་སྲིད་ཚོགས་པའི་ལས་བྱེད་སྐུ་ཞབས་རན་རྷིབ་རཱ་ནཱ་ Randeep Rana མཆོག་བཅས་ཧི་མ་ཅཱལ་མངའ་སྡེའི་ས་གནས་པ་ལམ་པུར་ Palampur ལ་དབུགས་སྦྱོང་མཛད་རིམ་ཞིག་ལ་ཕེབས་ཡོད་འདུག
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤ་རཏ་ཏྲི་པ་ཁྲི་ Sharad Tripathi མཆོག་གིས་འདི་ལོའི་རྒྱ་གར་ཆར་དུས་ཀྱི་གྲོས་ཚོགས་སྐབས་སུ་བོད་དོན་སྐོར་རྒྱ་གར་གྲོས་ཚོགས་ནང་གླེང་གནང་ཡོད་པ་རེད། ད་རེས་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་ཀྱིས་བོད་མི་མང་སྤྱི་ལྷན་དུ་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང་མཇལ་འཕྲད་ཞུས་པ་དང་སྦྲགས་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲིའི་མཇལ་དར་དང་། སྤྱི་ལྷན་གྱི་ཕྱག་རྟགས་བཅས་ཕུལ། དེ་རྗེས་ཁོང་རྣམ་པ་སྤྱི་ལྷན་གྲོས་ཚོགས་ཚོགས་ཁང་དུ་གཟིགས་སྐོར་ཕེབས་ཡོད། བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ཡོད་སྐོར་གསུང་གླེང་གནང་ཡོད་པ་རེད།
སྐུ་ཞབས་ Ram Kumar Kashyap མཆོག་ནི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པ་དང་། ཁོང་སྔ་ལོ་རྡ་ས་བཞུགས་སྒར་དུ་མང་གཙོའི་དུས་དྲན་ཐེངས་ ༥༥ པ་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་སྐུ་མགྲོན་དུ་ཕེབས་ཡོད་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད། སྐུ་ཞབས་ Sharad Tripathi མཆོག་ནི་རྒྱ་གར་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་། གྲོང་ཁྱེར་ཡར་རྒྱས་གྲོས་འདོན་ཚོགས་ཆུང་གི་ཚོགས་མི་ཡིན་པ་རེད།།