༢༠༡༦ ཟླ་ ༨ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་གྱི་ཆོས་འབྲེལ་དང་མང་ཚོགས་བཀའ་སློབ་སོགས་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཡོལ་ཙམ་ལ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་༸གོང་ས་མཆོག་ཕྱི་ཟླ་ ༧ ཚེས་ ༢༥ ནས་ཕྱི་ཟླ་ ༨ ཚེས་ ༢༢ བར་དུས་ཡུན་ཟླ་བ་གཅིག་ཙམ་རིང་ལ་དྭགས་རྒྱལ་ས་སླེས་གཙོས་ས་གནས་འདྲ་མིན་ཁག་ཏུ། ལ་དྭགས་སེར་སྐྱ་མང་ཚོགས་དང་། ལ་དྭགས་ས་གནས་བོད་མི། དེ་བཞིན་ཁ་ཆེ་སོགས་གང་ལ་གང་འདུལ་དེ་ལ་དེར་སྟོན་པ། ཞེས་གསུང་པ་ལྟར། འདི་ཕྱིའི་ལམ་སྟོན་ལེགས་པ་འདོམས་པར་མཛད་རྗེས། ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་སླེ་བ་ཀུ་ལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྡ་སའི་ཉེ་འགྲམ་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་གཞུང་འབྲེལ་དང་གཞུང་མིན་པའི་གནད་ཡོད་མི་སྣ་སོགས་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་རྗེས་ཆིབས་འགྲོ་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་ལམ་དུ་རྡ་སའི་མི་མང་སོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་སོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་བཅས།།