༢༠༡༦ ཟླ་ ༨ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དཔལ་ལྡན་
དེ་རིང་ལྷོ་ཀོ་རི་ཡ་ནས་ཕེབས་པའི་དགེ་འདུན་པ་གཙོ་བོར་གྱུར་བའི་ཆོས་ལུགས་ཀྱི་གསར་འགོད་གྲགས་ཅན་རྣམས་ལ་འཚམས་འདྲི་ཡོད། ང་རང་དེ་སྔ་ཧར་ཝ་ཌི་མཐོ་སློབ་ནང་ཡོད་སྐབས་ལྷོ་ཀི་རི་ཡར་ཐེངས་གཉིས་ཕྱིན་པ་མ་ཟད། ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཕྱིན་པ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཀོ་རི་ཡར་གདན་ཞུ་གནང་མཁན་ཁོང་རྣམ་པ་འདི་གར་ཕེབས་ཡོད། ཁྱེད་རྣམ་པ་ཚང་མར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་སྐུལ་དང་བླངས་ཐོག་ནས་ལྷོ་ཀོ་རི་ཡ་སེར་སྐྱ་མང་ཚོགས་བརྗོད་ནའང་ཆོག གང་ལྟར་ Jogye Order གྱིས་༸གོང་ས་མཆོག་ལྷོ་ཀོ་རི་ཡར་གདན་འདྲེན་ཞུ་རྒྱུ་འདི་ལོ་མང་རིང་ནས་འབད་བརྩོན་གནང་དང་གནང་མུས་རེད། འབད་བརྩོན་དེ་ལྟར་གནང་བ་དེར་ངས་བསྔགས་བརྗོད་ཤུགས་ཆེ་ཞུ་རྒྱུ་མ་ཟད། ༸གོང་ས་མཆོག་ལྷོ་ཀོ་རི་ཡར་ཕེབས་ཐུབ་རྒྱུ་རེད། དེར་རྒྱུ་མཚན་མང་པོ་ཡོད། རྒྱུ་མཚན་ཆེ་ཤོས་གང་ཡིན་བརྗོད་ན། ཡུལ་དེ་ཉེ་ལམ་བར་དུ་ནང་པའི་ཡུལ་གྲུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ད་དུང་ཡང་བརྒྱ་ཆ་བཞི་བཅུ་ཞེ་གྲངས་ནང་པ་ཡིན།
དེར་བརྟེན་ནང་པའི་རྗེས་འབྲང་པ་ས་ཡ་མང་པོ་ཡོད་པའི་རྒྱལ་ཁབ་དེས་འཛམ་གླིང་ནང་པའི་དབུ་ཁྲིད་སྙན་གྲགས་ཆེ་ཤོས་སུ་གྲགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་གདན་འདྲེན་ཞུས་ནས་སློབ་མས་རང་གི་བླ་མ་གདན་འདྲེན་ཞུས་ནས། ཆོས་ཞུ་རྒྱུའི་གོ་སྐབས་སོགས་ནི་ཧ་ཅང་རྩ་བ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ལྷོ་ཀོ་རི་ཡ་མང་གཙོ་དང་ཆོས་དད་རང་དབང་ཡོད་སྐོར་ཡོངས་གྲགས་བརྗོད་བཞིན་ཡོད། ཆོས་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། ཨབ་གྷ་ནི་སི་ཐན་དང་ཨི་རཱག སི་རི་ཡ་བཅས་ཀྱི་གསར་འགྱུར་ནང་སྐབས་རེ་ལྷོ་ཀོ་རི་ཡའི་ཆོས་འཆད་མཁན་ཚོས་ཡུལ་གྲུ་གཞན་དུ་ཕེབས་བཞིན་ཡོད་པ་ཡོངས་གྲགས་རེད། དེར་བརྟེན་ནང་པའི་དབུ་ཁྲིད་གཅིག་ནང་པའི་ཡུལ་གྲུར་ཕེབས་དགོས་པ་ཞིག་རེད། ཤར་ཕྱོགས་དང་ནུབ་ཕྱོགས་ཅེས་བཤད་སྲོལ་ཡོད་པ་ལྟར། ནུབ་ཕྱོགས་རྒྱལ་ཁབ་ཚོ་ནང་པའི་རྒྱལ་ཁབ་མིན་ཡང་ཨ་རི་སོགས་ནང་༸གོང་ས་མཆོག་ཆིབས་སྒྱུར་བསྐྱང་ཐུབ་བཞིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཨི་སི་ཏོ་ནི་ཡ་ Estonia དང་ལ་ཏི་ཝི་ཡ་ Latvia སོགས་རྒྱལ་ཁབ་ཧ་ང་ཆུང་ཆུང་ནང་༸གོང་ས་མཆོག་གདན་འདྲེན་ཞུ་ཐུབ་བཞིན་ཡོད། བཤད་སྲོལ་ལ་ནང་པའི་ཡུལ་གྲུ་ལྷོ་ཀོ་རི་ཡར་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་མ་ཐུབ་པ་དེ་རྒྱ་ནག་གི་གནོན་ཤུགས་ཡིན་པ་བཤད་ཀྱི་ཡོད། སྐད་ཆ་འདི་བདེན་པ་མ་རེད། ལག་པ་འཕྱི་ས་ཞིག་རེད། གང་ཡིན་བརྗོད་ན་རྒྱ་ནག་གི་གནོན་ཤུགས་ནུབ་ཕྱོགས་རྒྱལ་ཁབ་ཆེ་ཆུང་མེད་པར་ཚང་མར་གཅིག་མཚུངས་སུ་ཡོད།
འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་གདོང་ལེན་བྱེད་སྐབས་ང་ཚོར་ལང་ཕྱོགས་ཡོད། ཆོས་དད་རང་དབང་ཡོད། མང་གཙོ་ཡིན། གཏམ་བརྗོད་རང་དབང་ཡོད། དེར་བརྟེན་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཆོག་པ་ཞིག་རེད། ཅེས་རྒྱུ་མཚན་བགྲངས་ནས་གདན་འདྲེན་ཞུ་བཞིན་ཡོད། དེར་བརྟེན་ནུབ་ཕྱོགས་རྒྱལ་ཁབ་ཏུ་༸གོང་ས་མཆོག་གདན་འདྲེན་ཞུ་སྐབས་འབྲེལ་ཡོད་རྒྱལ་ཁབ་དེ་དག་ལ་རྒྱ་ནག་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས། ཆབ་སྲིད་སོགས་ཀྱི་གནོན་ཤུགས་གཅིག་མཚུངས་སུ་ཡོད། འོན་ཀྱང་རྒྱལ་ཁབ་ཁག་གཅིག་གིས་རྒྱ་ནག་གི་གནོན་ཤུགས་གཅིག་མཚུངས་སུ་ཡོད་བཞིན་ཡོད་༸གོང་ས་མཆོག་གདན་འདྲེན་ཞུ་ཐུབ་པ་དང་འགའ་ཤས་ཀྱིས་གདན་འདྲེན་ཞུ་མི་ཐུབ། བློ་ཕམ་པ་ཞིག་ལ་ལྷོ་ཀོ་རི་ཡ་དང་ཤར་ཕྱོགས་ཡུལ་གྲུ་དེ་དག་༸གོང་ས་མཆོག་གདན་འདྲེན་ཞུ་མི་ཐུབ་མཁན་གྱི་གྲས་སུ་ཚུད་ཡོད། ཕྱོགས་གཞན་ནས་བོད་དང་ལྷོ་ཀོ་རི་ཡ་ལོ་རྒྱུས་ཐོག་འབྲེལ་བ་ཡོད། རྒྱ་ནག་གཞུང་གིས་བོད་འདི་རྒྱ་ནག་གི་ཆ་ཤས་རེད། ཟེར་བ་དེར་རྒྱུ་མཚན་བགྲངས་སྐབས་སྔ་མོ་བོད་དང་རྒྱ་ནག་དབར་ཆིངས་ཡིག་ treatise བཞག་ཡོད། ཅེས་བཤད་ཀྱི་ཡོད་པ་མ་ཟད། བོད་དེ་རྒྱ་ནག་གོང་མའི་སྲུང་སྐྱོབ་མངའ་ཁུལ་ཁོངས་སུ་ protectorate ཚུད་སྟབས་རྒྱ་ནག་གི་ཆ་ཤས་ཡིན་པ་བཤད་ཀྱི་ཡོད།
རྒྱུ་མཚན་གསུམ་པ་དེ་བོད་དང་རྒྱ་ནག་དབར་གཉེན་སྒྲིག་བྱུང་ཡོད་སྟབས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་བཤད་བཞིན་ཡོད། འོན་ཀྱང་ཕྱི་ལོ་ ༨༢༡ དང་ ༨༢༢ དབར་རྒྱ་ནག་དང་བོད་དབར་ཆིངས་ཡིག་བཞག་པ་དེའི་ནང་ཟླ་བ་དང་ཉི་མ་གཉིས་ལྟར་ཡོད་པ་ལས་ཡུལ་གྲུ་གཉིས་ཀྱི་གནས་སྟངས་དེ་ཕ་བུ་ལྟར་མིན། ཞང་པོ་དང་ཚ་བོ་ལྟར་ཡིན། ཞེས་འཁོད་ཡོད། ཆང་སར་མཚོན་ན་ལོ་རྒྱུས་ཐོག་ཀོ་རི་ཡ་དང་རྒྱ་ནག་དབར་ཆང་ས་མང་པོ་བརྒྱབ་པ་བྱུང་ཡོད། དེར་བརྟེན་ང་ཚོས་བོད་འདི་རྒྱ་ནག་ཆ་ཤས་རེད་ཟེར་བ་དེར་ངོས་ལེན་མ་བྱས་པར་སྔ་མོ་ཀོ་རི་ཡ་དང་ཝི་ཏི་ནམ། ཉི་ཧོང་དང་རྒྱ་ནག་དབར་གྱི་འབྲེལ་བ་ཡོད་པ་ལྟར་བོད་དང་རྒྱ་ནག་དབར་འབྲེལ་བ་དེ་ལྟར་ཡོད། ཀོ་རི་ཡ་དང་ཉི་ཧོང་། ཝི་ཏི་ནམ་དེ་དག་ལོ་རྒྱུས་ཐོག་རྒྱ་ནག་དང་འབྲེལ་བ་ཡོད་ཀྱང་ད་ཆ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་ལྟར་བོད་དེ་ཡང་དེ་ལྟར་ཡིན་པ་བརྗོད་སྐབས། རྒྱ་ནག་གིས་དེ་ལྟར་ངོས་ལེན་མི་བྱས། ཕྱི་ལོ་ ༡༩༥༠ ནང་ལྷོ་བྱང་ཀོ་རི་ཡ་གཉིས་ལ་ཨ་རི་དང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་ནས་དམག་བརྒྱབ་རྗེས་ཕྱི་ལོ་ ༡༩༥༣ ལོར་མཇུག་སྒྲིལ་ཡོད། འོན་ཀྱང་སྐབས་དེར་བྱང་ཀོ་རི་ཡར་རྒྱ་ནག་གིས་རྒྱབ་སྐྱོར་བྱས་པ་དང་ལྷོ་ལ་ཨ་རིའི་རྒྱབ་སྐྱོར་བྱས་ཡོད། སྐབས་དེར་བོད་དུ་རྒྱ་ནག་བཙན་འཛུལ་འགོ་བརྩམས་ཟིན། སྐབས་དེར་ཨ་རིའི་གཞུང་གིས་རྒྱ་ནག་ལ་ཤུགས་གནོན་སྤྲོད་ཆེད་དམག་ས་གཉིས་པ་ཞིག་འགོ་ཕྱེ་དགོས་པ་མཐོང་ནས་ཨ་རིའི་གཞུང་གིས་བོད་ལ་རྒྱབ་སྐྱོར་བྱེད་འགོ་བརྩམས། ཞེས་དང་ཡང་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྐོར་གསུང་བཤད་གནང་དོན།
བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་དབར་ཐད་ཀར་འབྲེལ་བ་བྱེད་ཀྱི་མེད། འོན་ཀྱང་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་བཀའ་མོལ་མང་པོ་གནང་ཡོད། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གྲངས་དང་བརྒྱད་ཅུ་གྱ་གྲངས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བྱས་ནས་རྒྱ་ནག་ཏུ་ཚོགས་མི་བཞི་ཅན་གྱི་སྐུ་ཚབ་ཚོགས་ཆུང་ཕེབས་ཡོད། མི་མང་སྐུ་ཚབ་བྱས་ནས་ཕེབས་ཡོད། ཐག་ཉེ་ཤོས་ལ་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་༸གོང་ས་མཆོག་གི་སྐུ་ཚབ་གཉིས་དང་རྒྱ་ནག་གཞུང་གི་སྐུ་ཚབ་ཐེངས་དགུ་གཞུང་འབྲེལ་ཐོག་ནས་ཐུག་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༠ ནས་ད་བར་འབྲེལ་མོལ་ཆད་པ་རེད། ཅེས་གསུངས་རྗེས་ཚོགས་བཅར་བ་ཞིག་གིས་༸གོང་ས་མཆོག་རྒྱ་ནག་རི་བོ་རྩེ་ལྔར་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་མིན་གྱི་གནད་དོན་སྐོར་འདྲི་སྐབས་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། ༸གོང་ས་མཆོག་གི་ཐུགས་དགོངས་སུ་དེ་སྔ་ནས་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་མཛད་རྒྱུའི་ཐུགས་འདུན་ཡོད་སྐོར་བཀའ་སློབ་སྩལ་བཞིན་ཡོད།
སྤྱིར་ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་བསྐྱངས་ནས་ཟླ་བ་ ༡༡ བཞུགས་བཞག་མཛད། སྐབས་དེར་རྒྱ་ནག་ནང་གི་གནས་ས་ཁག་གཅིག་ལ་གནས་མཇལ་མཛད་ཡོད་ཀྱང་རི་བོ་རྩེ་ལྔར་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་ཐུབ་མེད། འོན་ཀྱང་༸རྒྱལ་མཆོག་སྐུ་ཕྲེང་ ༡༣ རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་མཛད་ཐུབ་པ་བྱུང་ཡོད་པ་མ་ཟད། ༸རྒྱལ་མཆོག་སྐུ་ཕྲེང་དྲུག་པ་མཆོག་ཕྱིས་སུ་རི་བོ་རྩེ་ལྔར་ཆིབས་སྒྱུར་བསྐྱངས་པའི་སྐོར་བཤད་སྲོལ་ཡོད། གསུང་རྒྱུན་ལ་བོད་འདི་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དང་རི་བོ་རྩེ་ལྔ་འཇམ་དཔལ་དབྱངས་ཀྱི་གནས་རེད། ཅེས་སོགས་གསུངས་རྗེས་བོད་མིའི་སྒྲིག་འཛུགས་སྐོར་གྱི་དྲི་བ་ཁག་གཅིག་ལ་ལན་འདེབས་གསལ་བཤད་གནང་།།