༢༠༡༦ ཟླ་ ༨ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲོག་ཐོག་རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༢ ནས་ཚེས་ ༣༡ བར་ཉིན་གྲངས་དགུའི་རིང་ཁྱབ་ཁོངས་སྨན་ཁང་ཁག་གི་རྩིས་པ་རྣམས་ལ་རྩིས་དང་འབྲེལ་བའི་རྩིས་ཁྲ་འཇོག་སྟངས་དང་Accounting, Tally,Income Tax,FCRA, Budgeting འབབ་ཁྲལ། སྔོན་རྩིས་འཆར་གཞི་བཅས་ཀྱི་སྐོར་ཟབ་སྦྱོང་ཞིག་ཚོགས་མུས་ཡིན་འདུག
དེ་ཡང་ཟབ་སྦྱོང་ཉིན་དང་པོའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཆུང་བཅས་ཆེད་ཕེབས་ཀྱིས་མཛད་སྒོའི་ཐོག་མར་འཕྲོད་བསྟེན་བཀའ་བློན་མཆོག་གིས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྣང་གསལ་ཞལ་ཕྱེ་གནང་རྗེས་འཕྲོད་བསྟེན་དྲུང་ཆེས་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཚོགས་བཅར་བ་རྣམས་ལ་གསུང་བཤད་གནང་བའི་སྙིང་བསྡུས་སུ། རྩིས་པ་རྣམས་ཀྱིས་རྩིས་པའི་ལས་དོན་སྤྱི་དང་། ལྷག་པར་རྩིས་པའི་ལས་འགན་ཚགས་ཚུད་ཡོང་ཐབས་དང་། དེ་བཞིན་ལས་བྱེད་ནང་ཁུལ་མཐུན་ལམ་དགོས་སྐོར་སོགས་ཀྱི་ལམ་སྟོན་གཟབ་རྒྱས་གནང་གྲུབ་བསྟུན། རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཏེ་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་གྲོལ་ཡོད། ཐེངས་འདིའི་ཟབ་སྦྱོང་ནང་ཁྱབ་ཁོངས་སྨན་ཁང་ཁག་གི་རྩིས་པ་གྲངས་ ༢༠ ཆེད་འབོད་ཞུས་ཡོད་ཀྱང་དངོས་སུ་རྩིས་པ་གྲངས་ ༡༦ ངོ་བཅར་ཐུབ་པ་བྱུང་ཡོད།
སྤྱིར་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༢ ནས་ཚེས་ ༢༤ བར་ཉིན་གྲངས་གསུམ་རིང་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་གཞོན་བསྟན་འཛིན་ཤེས་ལྡན་ལགས་ཀྱིས་རྩིས་ཁྲ་ཉར་ཕྱོགས་དང་བཟོ་ཕྱོགས་བཅས་ཀྱི་སྐོར་ཟབ་སྦྱོང་གནང་རྒྱུ་དང་། ཕྱི་ཚེས་ ༢༥ ནས་ ༢༧ བར་ཁྱད་ལས་པ་གདན་ཞུས་ཀྱིས་ Tally ཟབ་འཁྲིད་གནང་རྒྱུ། ཕྱི་ཚེས་ ༢༩ དང་ ༣༠ ཉིན་འབབ་ཁྲལ་དང་སྔོན་རྩིས་འཆར་གཞི་གཏན་འབེབས་གནང་ཕྱོགས་སྐོར་ལམ་སྟོན་གནང་རྗེས། ཟབ་སྦྱོང་ཉིན་མཐའ་མ་སྟེ་ཚེས་ ༣༡ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་ལས་བྱེད་རྣམས་ནས་ལས་དོན་སྐོར་ངོ་སྤྲོད་དང་རྩིས་པ་རྣམས་ནས་རྒྱུན་དུ་ལས་དོན་བྱེད་བཞིན་པའི་སྐབས་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་གོ་བསྡུར་གོ་བསྡུར་སྦྱངས་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།