༢༠༡༦ ཟླ་ ༨ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ལ་ཧོལ་Lahaul Eco Tourism Society ཞེས་པའི་ཚོགས་པས་མགྲོན་འབོད་ལྟར། ལ་ཧོལ་དུས་སྟོན་དབུ་འབྱེད་གནང་ཆེད་རྡ་ས་ནས་ཇེ་སི་པར་ཕེབས་ཐོན་གནང་ཡོད། གོང་བརྗོད་ཚོགས་པ་དེས་སྔ་ལོ་ནས་བཟུང་ལ་ཧོལ་དུས་སྟོན། ཞེས་པ་འདི་གོ་སྒྲིག་གནང་འགོ་བཙུགས་ཡོད།
ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་དུས་སྟོན་སྐབས་ས་ཁུལ་དེ་དག་གི་རིག་གཞུང་གི་རྣམ་པ་དྲིལ་བསྒྲགས་བྱས་པ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ལྡན་པའི་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་ཤིག་སྐྲུན་ཆེད་ཡིན་འདུག
དེ་ཡང་བཀའ་བློན་མཆོག་ཁུལ་དེར་ཕེབས་འབྱོར་སྐབས་དུས་སྟོན་གོ་སྒྲིག་ཚོགས་ཆུང་ཁོངས་སུ་ཡོད་པའི་ཚོགས་པའི་ཚོགས་གཙོ་པདྨ་འཕྲིན་ལས་ལགས་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རིག་འཛིན་བསམ་འཕེལ་ལགས། དེ་བཞིན་སྐུ་ཚབ་གཞན་ཁག་གཅིག་གིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། དེ་རྗེས་བཀའ་བློན་མཆོག་ཀོ་ལོང་གྲོང་གསེབ་ཏུ་ཕེབས་འབྱོར་སྐབས་ལ་ཧོལ་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ལ་ཧོལ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། འོས་འདེམས་བྱུང་བའི་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་དང་། ས་གནས་ཡུལ་མི་བཅས་ཀྱིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག
དེ་ནས་ཇེ་སི་པ་དུས་འཁོར་དབང་ཆེན་ཐང་ཆེན་དུ་བཀའ་བློན་མཆོག་གིས་ལ་ཧོལ་དུས་སྟོན། ཞེས་པ་དབུ་འབྱེད་གནང་སྐབས། དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་བཀའ་བློན་མཆོག་ལ་དཀར་གཙང་མཇལ་དར་དང་། ལ་ཧོལ་ཡུལ་གྱི་ཞྭ་མོ། ས་གནས་སྲོལ་རྒྱུན་གྱི་གཟན་ (Shawl) གནང་སྟེ་ཆེ་བསྟོད་གནང་ཡོད། དུས་སྟོན་སྐབས་ལ་ཧོལ་དང་སྤྱི་ཏིའི་རིག་གཞུང་འཁྲབ་སྟོན་གནང་ཡོད། དུས་སྟོན་ཐོག་ལ་ཧོལ་དང་། སྤྱི་ཏི། ཀྱི་ནོར། ལ་དྭགས་བཅས་ནས་སྒྱུ་རྩལ་བ་མཉམ་ཞུགས་གནང་འདུག
སྐབས་དེར་བཀའ་བློན་མཆོག་གིས་མང་ཚོགས་ཆིག་སྟོང་ཙམ་འདུ་འཛོམས་བྱུང་བ་རྣམས་ལ་དུས་སྟོན་འདི་ལྟ་བུ་བརྒྱུད་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་སྦྲགས། ཁུལ་དེའི་གཞོན་སྐྱེས་རྣམས་ཀྱིས་སློབ་སྦྱོང་མཐར་སོན་རྗེས་ཕྱིར་སོ་སོའི་ས་གནས་སུ་ལོག་སྟེ་ཞབས་ཞུ་བསྒྲུབ་དགོས་པའི་སྐུལ་འདེད་ཀྱང་གནང་འདུག དེ་བཞིན་ཁོང་གིས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ལ་སོ་སོའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་འགན་འཁྲི་ཆེན་པོ་ཡོད་སྐོར་སོགས་གསུངས། མཐར་ཁོང་གིས་རྒྱ་གར་གཞུང་མང་གཉིས་ལ་འདས་པའི་ལོ་ངོ་ལྔ་བཅུ་ལྷག་ནས་བོད་མིར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་སྐྱི་ལོང་དུ་ལ་ཧོལ་དང་སྤྱི་ཏིའི་རྫོང་དཔོན་ཝི་ཝེཀ་བྷ་ཊི་ཡ་Mr. Vivek Bhatia ལགས་དང་ལྷན་མཇལ་འཕྲད་གནང་ཡོད། དེ་བཞིན་དཔལ་རབ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས། དགོན་སྡེ་ཁག་གི་སྐུ་ཚབ་དང་ལྷན་ཐུག་འཕྲད་གནང་ཡོད།