༢༠༡༦ ཟླ་ ༧ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ༸སྐུའི་འཁྲུངས་སྐར་ཉིན་ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༡༦ བར་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཡུ་ཀེ་རེན་(Ukraine)གྱི་གྲོང་ཁྱེར་ཁག་གཅིག་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྐོར་སྐུ་པར་འགྲེམས་སྟོན་གནང་བ་བརྒྱུད་ཁུལ་དེའི་མང་ཚོགས་ཁྲོད་ཞི་བདེའི་རེ་བ་སྦྱིན་ཡོད་འདུག
དེ་ཡང་སྐུ་པར་འགྲེམས་སྟོན་དེ་བཞིན་ཡུ་ཀེ་རེན་གྱི་རྒྱལ་ས་ཀིཝ་གཙོས་པའི་གྲོང་ཁྱེར་ཁག་གཅིག་གི་ནང་གནང་བཞིན་ཡོད་པ་དང་། འགྲེམས་སྟོན་གོ་སྒྲིག་གནང་མཁན་སྐུ་ཞབས་ཨེན་ཌི་རི་ Andrey Tolkach ལགས་ནི་རྒྱ་གར་ནང་༸གོང་ས་མཆོག་གི་གསུང་ཆོས་ཞུ་རུ་ལན་མང་བཅར་མྱོང་མཁན་ཞིག་ཡིན་འདུག འགྲེམས་སྟོན་དེར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་རྒྱབ་སྐྱོར་གནང་བ་ཞིག་ཡིན་འདུག སྐུ་པར་འགྲེམས་སྟོན་འདིའི་དམིགས་ཡུལ་གཙོ་བོ་ནི་འགྲོ་བ་མིའི་རིན་ཐང་གོང་སྤེལ་དང་། གཅིག་ཕན་གཅིག་གྲོགས། འཛམ་གླིང་ཞི་བདེའི་གལ་གནད་སོགས་ཀྱི་ཐད་ད་བར་༸གོང་ས་མཆོག་གིས་སྐུ་ངལ་འཛེམས་མེད་ཐོག་མཛད་འཕྲིན་རྒྱ་ཆེ་བསྐྱངས་དང་སྐྱོང་བཞིན་པ་དེ་དག་ཁུལ་དེའི་མང་ཚོགས་ཀྱིས་དོ་སྣང་སླེབས་ཐུབ་ཐབས་དང་ཁོང་ཚོར་ཞི་བདེའི་རེ་བ་ཞིག་སྦྱིན་རྒྱུའི་ཆེད་དུ་ཡིན་འདུག ཡུ་ཀེ་རེན་རྒྱལ་ཁབ་དེ་ཤར་ཡུ་རོབ་དང་ཨུ་རུ་སུའི་ས་མཚམས་སུ་ཆགས་ཡོད་པ་དང་། དེང་སྐབས་ཆབ་སྲིད་ཀྱི་དཀའ་རྙོག་ཆེན་པོ་ཞིག་གི་འོག་གནས་བཞིན་ཡོད་པ་རེད།