༢༠༡༦ ཟླ་ ༧ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༢ ཉིན་ལྡི་ལིའི་ཉེ་འཁྲིས་སུ་ཡོད་པའི་གུར་གྷ་ཝོན་མ་ནེ་སར་དུ་རྟེན་གཞི་བྱས་པའི་ (Heritage Village) གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དང་སྲི་ཞུའི་ལས་བྱེད་ཁག་གཅིག་ལ་རྒྱལ་སྤྱིའི་འབྲེལ་ལམ་དང་ཞུ་གཏུགས་གནང་ཕྱོགས་ཀྱི་སྐོར་ཟབ་སྦྱོང་དེ་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་ཉིན་ལྔའི་ཟབ་སྦྱོང་ནང་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ནང་ཕྱག་ལས་གནང་མྱོང་མཁན་དང་། གཞུང་ཚབ་ཟུར་པ་དང་། གསར་འགོད་རིག་པའི་ཐོག་ཆེད་ལས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སོགས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་དང་བགྲོ་གླེང་གནང་ཡོད།
རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤ་ཤི་ཐ་རུར་(Shashi Tharoor) ལགས་དང་། གཞུང་ཚབ་ཟུར་པ་ལྕམ་ནི་རུ་པ་མ་རའོ་ (Nirupama Rao) ལགས། གཞུང་ཚབ་ཟུར་པ་སྐུ་ཞབས་ལ་ལིཏ་མན་སིངྒ་ (Lalit Mansingh) ལགས། གཞུང་ཚབ་ཟུར་པ་སྐུ་ཞབས་ཤམ་ས་རན་ (Shyam Saran) ལགས། གཞུང་ཚབ་ཟུར་པ་སྐུ་ཞབས་ཤིཝ་ཤང་ཀར་མེ་ནོན་ (Shivshankar Menon) ལགས་བཅས་ཀྱིས་རྒྱ་དཀར་ནག་གི་འབྲེལ་ལམ་དང་བོད་ཀྱི་གནད་དོན། མཉམ་འབྲེལ་རྒྱལ་ཚོགས། ཡུ་རོབ་མཐུན་ཚོགས། རྒྱ་རིགས་འབྲེལ་མཐུད་གནང་ཕྱོགས་སོགས་ཀྱི་བརྗོད་གཞི་ཐོག་གསུང་བཤད་དང་བགྲོ་གླེང་གནང་ཡོད།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་དང་བཀའ་བློན་ཟུར་པ་བཀྲ་ཤིས་དབང་འདུས་མཆོག་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག བཀའ་ཟུར་བསྟན་པ་ཚེ་རིང་མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་བཅས་ཀྱིས་རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་དང་། སྐུ་ཚབ་དོན་ཁང་གི་ཕྱག་ལས་གནང་ཕྱོགས་སོགས་ཀྱི་ཐད་གསུང་བཤད་དང་བགྲོ་གླེང་གནང་ཡོད།
དེ་བཞིན་རྒྱ་གར་གསར་འགོད་རིག་པའི་ཆེད་ལས་པ་ཀརྨ་དཔལ་འབྱོར་ལགས་དང་ཨིན་དི་ར་ནི་བྷག་ཆི་ (Indrani Bagchi) ལགས་རྣམ་གཉིས་ཀྱིས་བོད་ཀྱི་གནད་དོན་ཕྱིར་བསྒྲགས་དང་རྒྱབ་སྐྱོར་འཚོལ་ཐབས་ཀྱི་སྐོར་གསུང་བཤད་གནང་བ་དང་། ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ནང་ཆོས་ངོ་སྤྲོད། ཕྱི་དྲིལ་རྩིས་དཔོན་སྐལ་བཟང་ལྷུན་གྲུབ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་དང་སྔོན་རྩིས་གྲ་སྒྲིག་གནང་ཕྱོགས་ཀྱི་སྐོར་གསུང་བཤད་གནང་།
ཉིན་ལྔའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། མཉམ་ཞུགས་གནང་མཁན་འབྲེལ་ཡོད་ལས་བྱེད་ཚོར་རྒྱལ་སྤྱིའི་འབྲེལ་ལམ་དང་ཞུ་གཏུགས་ཐད་གོ་རྟོགས་འཕར་མ་སྐྲུན་རྒྱུ་དང་བོད་དོན་སྐོར་གླེང་སློང་དང་ཞུ་གཏུགས་ཚགས་ཚུད་ཡོང་རྒྱུའི་ཆེད་དུ་ཡིན་འདུག
ཐེངས་འདིའི་ཟབ་སྦྱོང་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁག་གཅིག་དང་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་གྲངས་ ༣༥ མཉམ་ཞུགས་གནང་ཡོད་པ་དང་། རྒྱལ་སྤྱིའི་འབྲེལ་ལམ་དང་ཞུ་གཏུགས་ཀྱི་ཟབ་སྦྱོང་འདི་བཞིན་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་འཆར་ཚན་པས་གོ་སྒྲིག་གནང་བ་ཞིག་ཡིན། །