༢༠༡༦ ཟླ་ ༧ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༢ ནས་ ༡༤ བར་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་གྲོང་ཁྱེར་ཀོ་ཅིའི་ཨི་ཌ་པ་ལི་ས་གནས་སུ་ཡོད་པའི་ཀེ་ར་ལ་མངའ་སྡེའི་ལོ་རྒྱུས་འགྲེམས་སྟོན་ཁང་དུ། མུམ་བྷེར་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ ༼ཕ་ཡུལ་ཕྱོགས་སུ་རྒྱང་བལྟ་བྱས་པ།༽ ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་གནང་འདུག དེ་ཡང་བདག་ཉིད་ཆེན་པོ་གཱན་དྷའི་ཡང་ཚ་ཏུ་ཤར་གཱན་དྷི་ Mr. Tushar Gandhi ལགས་ཀྱིས་ཕ་ཡུལ་ཕྱོགས་སུ་རྒྱང་བལྟ་བྱས་པ། ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་དབུ་འབྱེད་གནང་ཡོད་པ་མ་ཟད། ཁོང་གིས་བོད་མིའི་རང་དབང་ལ་རྒྱབ་སྐྱོར་གྱི་གསུང་བཤད་ཀྱང་གནང་འདུག
ཐེངས་འདིའི་འགྲེམས་སྟོན་ནང་རྒྱ་ནག་གཞུང་གིས་བོད་དབང་སྒྱུར་མ་བྱས་གོང་གི་གནས་བབས་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས་འབྲས་ཅི་བྱུང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བཙན་བྱོལ་བོད་མིའི་གནས་བབས། དེ་བཞིན་དེ་སྔ་བོད་རྒྱ་ནག་གི་བཙན་བཟུང་མ་བྱས་གོང་བོད་ཀྱི་རྒྱལ་དར་དང་། ཤོག་དངུལ། ས་ཁྲ། ལམ་ཡིག་སོགས་འགྲེམས་སྟོན་གནང་འདུག
ཏུ་ཤར་གཱན་དྷི་ལགས་ནི་ཕྱི་ལོ་ ༡༩༦༠ ལོར་སྐྱེས་ཤིང་། ཁོང་ནི་བདག་ཉིད་ཆེན་པོ་གཱ་ན་དྷིའི་ཡང་ཚ་དང་། མ་ནི་ལལ་གཱན་དྷི་Manilal Gandhi ལགས་ཀྱི་ཚ་བོ། ཨ་རུན་གཱན་དྷི་Arun Gandhi ལགས་ཀྱི་བུ་ཡིན། ཁོང་ནི་གཱན་དྷིའི་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཡིན་པ་མ་ཟད། རྩོམ་པ་པོ་དང་སྤྱི་ཚོགས་དང་ཆབ་སྲིད་ལས་འགུལ་བ་ཞིག་ཀྱང་ཡིན་འདུག་པ་བཅས། །