༢༠༡༦ ཟླ་ ༦ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༢ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ UN Human Rights Council ཐེངས་ ༣༢ ཚོགས་བཞིན་པའི་ཐོག སླར་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གིས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚད་ཐོག་སྐྱོན་བརྗོད་བྱས་འདུག དེ་ཡང་གཙོ་བོ་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཐད་ཀྱི་ཁྲིམས་ལུགས་དང་རྒྱ་ནག་རྒྱལ་ནང་བདེ་འཇགས་ཀྱི་ཁྲིམས་ལུགས་གསར་པ་བཟོས་པ་དེས་སྤྱི་ཚོགས་ནང་མི་མང་དཀྱུས་མའི་རང་དབང་ཐོག་དོ་ཕོག་ཤུགས་ཆེ་བཏང་བ་དེར་སྐྱོན་བརྗོད་བྱས་འདུག ཐེངས་འདིའི་འགྲོ་བ་མིའི་ལྷན་ཚོགས་ཐོག་རྒྱ་ནག་གིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་གསར་པ་དང་འབྲེལ་བའི་སྐོར་གྲོས་གཞི་དོན་ཚན་ ༤ པའི་འོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་ཚོགས་ནས་དོ་སྣང་བྱེད་དགོས་པ་ཞེས་པའི་ཐོག་གླེང་སློང་གནང་ཡོད།
སྐབས་དེར་ཨ་རིའི་གཞུང་ཚབ་པ་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཨ་རིའི་གཏན་འཇགས་སྐུ་ཚབ་སྐུ་ཞབས་ཀེཐ་ཧར་པར་Mr. Keith Harpar མཆོག་གིས་གསུང་དོན། ཉེ་ཆར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཐད་ཀྱི་ཁྲིམས་ལུགས་གསར་པ་བཟོས་པ་དེས་སྤྱི་ཚོགས་ནང་མི་མང་དཀྱུས་མར་དོ་ཕོག་གཏོང་བཞིན་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ནང་པ་དང་ཡུ་གུར་ཁ་ཆེ་བ། ཡི་ཤུ་བ་ཚོར་ཆོས་ཕྱོགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པར་ཧ་ཅང་བློ་འཚབ་ཡོད། ཅེས་གསུངས།
དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱིས་ཀྱང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་དོན། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། ཁྲིམས་རྩོད་པ། གསར་འགོད་པ། ངལ་རྩོལ་ཐོབ་ཐང་རྩོད་ལེན་པ་དང་ཁོང་ཚོའི་ནང་མིར་དོ་དམ་བཀག་ཉར་དང་དམ་བསྒྲགས། བསུན་གཙེར་བྱས་དང་བྱེད་བཞིན་པ་ནི་ཧ་ཅང་བློ་འཚབ་སྐྱེས་དགོས་པའི་གནས་ཚུལ་ཞིག་རེད། དེ་བཞིན་ཉེ་ཆར་རྒྱ་ནག་གཞུང་གིས་རྒྱལ་ནང་བདེ་འཇགས་དང་འབྲེལ་བའི་ཁྲིམས་ལུགས་གསར་པའི་ནང་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་བྱེད་ཕྱོགས་ཀྱི་ཁྲིམས་ལུགས་དེས་དེ་སྔ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ལ་བརྩི་བཀུར་ཞུ་རྒྱུའི་ཁས་ལེན་བྱས་པ་དེ་ད་ཆ་དོགས་གཞི་སྐྱེས་དགོས་པ་ཞིག་ཆགས་ཡོད།
སྐབས་དེར་འཇར་མན་གྱི་སྐུ་ཚབ་ཀྱིས་ཀྱང་རྒྱ་ནག་ནང་དང་། ལྷག་པར་བོད་དང་ཤིན་ཅང་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པ་དེར་བློ་འཚབ་ཤུགས་ཆེ་གནང་བ་དང་སྦྲགས། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ནང་འཕོ་འགྱུར་ཤུགས་ཆེ་འགྲོ་བཞིན་པའི་སྐབས་མང་ཚོགས་ལ་དེ་ཚོད་ཀྱི་ལས་དོན་བྱེད་ཕྱོགས་ཐད་རང་དབང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་འཇར་མན་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་ལ་སྨྲ་བརྗོད་དང་། འདུ་འཛོམས། ཆོས་དད་རང་དབང་སོགས་ཞི་བའི་སྒོ་ནས་ལོངས་སུ་སྤྱོད་མཁན་ཚོར་དོ་དམ་བཀག་ཉར་བྱས་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་ཟླར་གྱུར་བའི་ཁྲིམས་ལུགས་དེ་དག་མྱུར་དུ་བསྐྱར་ཞིབ་བྱེད་དགོས་པའི་སྐུལ་མ་ཡང་གནང་འདུག
སྐབས་དེར་སུད་སི་དང་ཕ་རན་སི། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཁེ་ན་ཌ་སོགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཕྱི་ཚེས་ ༢༣ ཉིན་འཇིག་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པས་ Society for Threatened Peoples ཚབ་ཞུས་ཏེ་སུད་སིའི་སྐུ་ཚབ་དོན་ཁང་གི་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་ཀྱང་བོད་དོན་སྐོར་གཏམ་བཤད་ཀྱང་གནང་རྒྱུའི་གོ་སྐབས་བྱུང་འདུག་པ་བཅས། །