ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་ཐོག་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་སྟངས་འཛིན་འོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྣམ་པས་སྤྱི་འཐུས་ཚོགས་གཞོན་གྱི་སྔོན་འགྲོའི་འོས་བསྡུའི་ནང་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༢༥ དང་། སྒྲོལ་མ་ཚེ་རིང་ལགས་ལ་འོས་གྲངས་ ༢༢ འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ལ་འོས་གྲངས་ ༡༧ ཐུབ་བསྟན་ལུང་རིགས་ལགས་ལ་འོས་གྲངས་ ༡༧ བཅས་ཐོབ་ཡོད་པ་དང་། ཨང་རིམ་གསུམ་པ་གཉིས་བསྐྱར་དུ་འོས་བླུགས་རྗེས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ལ་འོས་གྲངས་ ༢༡ དང་། ཐུབ་བསྟན་ལུང་རིགས་ལགས་ལ་འོས་གྲངས་ ༢༣ ཐོབ་ཡོད་པ་དང་། དངོས་གཞིའི་འོས་བསྡུ་ནང་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༣༨ དང་། སྒྲོལ་མ་ཚེ་རིང་ལགས་ལ་འོས་གྲངས་ ༤ ཐུབ་བསྟན་ལུང་རིགས་ལགས་ལ་འོས་གྲངས་ ༢ བཅས་ཐོབ་སྟེ། ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་དུ་བདམས་ཐོན་བྱུང་ཡོད།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནི། ཕྱི་ལོ་ ༡༩༧༩ ལོར་སིམ་ལ་གཏན་སློབ་ནས་འཛིན་རིམ་བཅུ་པ་ཐོན་པ་དང་། ཕྱི་ལོ་ ༡༩༨༨ ལོར་ལྦར་ཎ་མཐོ་སློབ་ནས་ཨཅཱརྱ་སློབ་དཔོན་འཛིན་རིམ་ཐོན། ཕྱི་ལོ་ ༡༩༨༣ ནས་ ༡༩༨༧ བར་ལྦ་ཎར་སློབ་གཉེར་ལྷན་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་སོགས་ཀྱི་རྒྱུན་ལས་ཀྱི་འགན་ཁུར་ཞུས། ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༡༡ ཉིན་རྡ་སར་རང་སྒེར་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་ཐོག་མ་དེ་བསྐོངས་བ་དང། སྐབས་དེར་རྒྱལ་ཁབ་ཁག་ ༢༥ སྐུ་ཚབ་ནས་ལྷན་འཛོམས་ཞུ་ཐུབ། ཕྱི་ལོ་ ༡༩༨༩ ནས་ ༡༩༩༦ བར་ལྦ་ཎ་མཐོ་སློབ་དང་སུ་ཇ་བོད་ཁྱིམ་གཉིས་སུ་འཛིན་སྐྱོང་དང་སློབ་དགེའི་ལས་ཁུར་ཞུས། དེ་བཞིན་ཕྱི་ལོ་ ༡༩༩༤ ནས་ ༢༠༠༤ བར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཟུང་དྲུང་དང་དྲུང་ཆེ། དེ་ནས་ཚོགས་གཙོའི་འགན་ཁུར་ཞུས། ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༥ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་འཕགས་བོད་འབྲེལ་མཐུད་ཚོགས་པ་གསར་འཛུགས་ཞུས་པ་དང་ད་ལྟ་ཚོགས་གཞོན་གྱི་ལས་ཁུར་ཞུ་མུས། ལྷག་པར་ ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༩ ནས་ཕྱི་ཟླ ༨ ཚེས་ ༢༦ བར་ཡུ་རོབ་རྒྱལ་ཁབ་གསུམ་ནང་བོད་དོན་ཞི་བའི་གོམ་བགྲོད་ཉིན་གྲངས་ ༤༩ རིང་རྒྱང་ཚད་ཀི་ལོ་མི་ཌར་ ༧༠༠ ལྷག་གོམ་བགྲོད་བྱས། ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༣ ཉིན་ཇེ་ནི་ལྦ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཚོགས་བཅར་དང་གཏམ་བཤད་བྱས།
ཕྱི་ལོ་ ༢༠༡༠ ཟླ་ ༣ ནང་རྒྱལ་སྤྱིའི་གུ་ཡང་རིང་ལུགས་དང་ཆོས་ལུགས་ཀྱི་ཚོགས་དུས་ཐོག་ཇར་མན་དུ་ཚོགས་བཅར་ཞུས། ཕྱི་ལོ་ ༢༠༠༤ ནས་ ༢༠༡༥ བར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནང་ལས་འཆར་འགན་འཛིན་གྱི་ཐོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བའི་ལྷན་ལས་ཀ་བྱས། ཕྱི་ལོ་ ༢༠༠༦ ལོ་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༤།༡༥ སོ་སོར་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་འོས་འདེམས་བྱུང་ཡོད། ཕྱི་ལོ་ ༢༠༠༧ ལོར་ལྡི་ལི་ལྷོ་ཕྱོགས་བོད་རིགས་མཐུན་ཚོགས་གསར་འཛུགས་ཀྱིས་སློབ་སྟོན་པའི་འགན་ཁུར་ཞུ་མུས་ཡིན་པ་དང། ཕྱི་ལོ་ ༢༠༠༧ ནས་ ༢༠༡༣ བར་དབུས་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་འགན་ཁུར་ཞུས།
ཕྱི་ལོ་ ༢༠༠༨ ལོར་ལྡི་ལིར་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་ཐོག་ཆབ་སྲིད་ཀྱི་ལས་འགུལ་དུ་མ་ཤིག་སྤེལ། ཕྱི་ལོ་ ༢༠༠༩ ནས་ ༢༠༡༥ བར་རྒྱ་གར་མཐོ་སློབ་དང་སློབ་གྲྭ་ཁག དེ་བཞིན་རྒྱལ་སྤྱིའི་ཚོགས་འདུ་དང་རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་གི་ལྷན་དངོས་སུ་མཇལ་འཕྲད་ཞུས། ཕྱི་ལོ་ ༢༠༡༢ ནང་བོད་ཀྱི་ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་ཞུས། ཕྱི་ལོ་ ༢༠༡༣ ནང་རྒྱ་གར་གཞུང་གིས་ལྦ་ཎ་མཐོ་སློབ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་གནང། ཕྱི་ལོ་ ༢༠༡༤ དང་ ༢༠༡༥ ནང་ས་གནས་ཁག་བཞི་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང་སླར་བཟོ་ཞུས། ཕྱི་ལོ་ ༢༠༡༥ ནང་གསོ་བ་རིག་པའི་ལྷན་ཚོགས་དང་རྡ་ས་ཧིན་བོད་མཛའ་ཚོགས་གཉིས་ཀྱི་སློབ་སྟོན་པར་བསྐོ་གཞག སྤྱི་འཐུས་སྐབས་བཅུ་བཞི་དང་བཅོ་ལྔ་གཉིས་ནང་ཚོགས་ཆུང་ཁག་བདུན་ནང་འགན་ཁུར་ཞུས། འདས་པའི་ལོ་བཅོ་ལྔའི་ནང་རྒྱ་གར་དབུས་སའི་ཆབ་སྲིད་གནད་ཡོད་མི་སྣ་ཁག་དང་ཡང་ཡང་མཇལ་འཕྲད་ཞུས། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་སྐབས་ ༡༦ པའི་སྤྱི་འཐུས་ཚོགས་གཞོན་དུ་འོས་འདེམས་བྱུང་ཡོད་པ་བཅས།།