༢༠༡༦ ཟླ་ ༥ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་སྟངས་འཛིན་འོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྣམ་པས་སྤྱི་འཐུས་ཚོགས་གཙོའི་དངོས་གཞི་འོས་བསྡུའི་གྲུབ་འབྲས་སུ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་ལ་འོས་གྲངས་ ༢༢ དང་། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་འོས་གྲངས་ ༢༢ ཐོབ་སྟེ་འོས་གྲངས་གཅིག་པ་ཆགས་ཡོད་སྟབས། མཐར་སྤྱི་འཐུས་རྣམ་པ་བཞུགས་མོལ་ལྷན་ཚོགས་གནང་ནས་ཐོག་མར་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ ནས་ལོ་གཉིས་དང་ཕྱེད་ཀ་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ བར་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་རྗེས། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༩ བར་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་རྒྱུའི་ཐག་ཆོད་བྱུང་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནི། མདོ་ཁམས་རེ་ཁེ་བྱང་སོང་རྫོང་ཁོངས་སུ་ཕྱི་ལོ་ ༡༩༧༤ ལོར་སྐྱེས། ལོ་ན་བདུན་ནས་སློབ་ཆུང་སློབ་གྲྭར་བསྐྱོད། རང་ལོ་ ༡༣ སྐབས་རྣ་རི་བཀྲ་ཤིས་ཆོས་གླིང་དགོན་དུ་ཆོས་སྒོར་ཞུགས་ཏེ་སྔོན་འགྲོ་བསགས་སྦྱང་གི་མཚོན་པའི་ཆོ་ག་ཕྱག་ལེན་སོགས་ལ་སྦྱང་བརྩོན་གནང། ཕྱི་ལོ་ ༡༩༩༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ། དེ་ནས་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་མཆོག་གིས་ཐུགས་རྗེའི་འོག་རྒྱ་གར་ལྷོ་ཕྱོགས་ཆོས་སྡེ་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་དུ་ཞུགས་རྗེས་རང་ལོ་ ༢༡ ནས་བཤད་གྲྭ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་མདོ་གོང་འོག་དང་། རྒྱུད་སྡེ་གོང་འོག ཆོས་འབྱུང་། རྒྱལ་རབས། རིག་གནས་དང་བཅས་པ་ལ་སྦྱང་བརྩོན་གང་ལེགས་གནང་འབྲས་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་མདུན་ནས་མཐའ་བྲལ་སྨྲ་བའི་དབང་ཕྱུག་ Higher Secondary Degree དང་། ཕར་ཕྱིན་རབ་འབྱམས་པའི་ Bachelor Degree ལག་འཁྱེར་བཀའ་དྲིན་བསྩལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མདུན་ནས་ངེས་གསང་ལེགས་བཤད་མཛོད་འཆང་ Master of Buddhist Philosophy གི་ལག་འཁྱེར་ཞུ་རྒྱུའི་སྐལ་བཟང་ཐོབ། བཤད་གྲྭར་སྐྱོར་དཔོན་དང་། སློབ་དཔོན་གྱི་མཚན་གནས་རིམ་པ་གནང་ཐོབ་ཀྱིས་དགེ་རྒན་གྱི་སྲི་ཞུ་གང་འཚམས་བསྒྲུབས། སློབ་མཐར་ཕྱིན་པའི་སྐབས་དེར་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཕྱི་ལོ་ ༢༠༠༣ ནས་བཟུང་རྣམ་གྲོལ་གླིང་གི་ཚོགས་ཆེན་དགེ་བསྐོས་ལོ་གསུམ་གནང་རིང་དགོན་པར་ཞབས་འདེགས་གང་ནུས་ཞུས། དེའི་སྐབས་བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་རྙིང་མའི་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་དང་ལས་ཁུར་ཞུས། ཕྱི་ལོ ༢༠༡༡ ལོར་སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་མཆོག་ནས་རྟགས་བབ་འོས་གཟིགས་ཀྱིས་མཁན་པོར་མངའ་གསོལ་དང་ཕྱག་འཁྱེར་མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཆེན་པོ་ཞེས་པ་གསོལ་བསྩལ་གནང་ Doctorate in Buddhist Philosophy དེ་རྗེས་སླར་ཡང་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཁོངས་རྙིང་མའི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་སྤྱི་འཐུས་ཚོགས་གཞོན་ཏུ་འོས་འདེམས་ཀྱིས་སྤྱི་འཐུས་ཚོགས་གཞོན་གྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་སྐབས་ ༡༦ པའི་སྤྱི་འཐུས་ཚོགས་གཙོར་འོས་འདེམས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ ནས་ལོ་གཉིས་དང་ཕྱེད་ཀ་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ བར་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་རྒྱུ།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནི། ཆུང་དུས་ཀ་སྦུག་དང་སིམ་ལ་གཏན་སློབ་ཏུ་གཞི་རིམ་སློབ་གྲྭ་འགྲིམས། དེ་ནས་ཝཱ་ཎཱ་མཐོ་སློབ་ཏུ་ཨཱ་ཅཱརྱ་ལོ་རིམ་གཉིས་པ་ཐོན། མཐོ་སློབ་ཏུ་སློབ་སྦྱོང་བྱེད་སྐབས་ས་སྐྱའི་སློབ་གཉེར་ལྷན་ཚོགས་ཀྱི་དྲུང་ཆེ་ཐེངས་གཉིས་དང་། དངུལ་གཉེར། རྒན་བདག ས་གནས་འོས་བསྡུའི་ཚོགས་མི་བཅས་གནང་བ་མ་ཟད། ཞར་ཞོར་དུ་དཔལ་ས་སྐྱའི་སློབ་གཉེར་ཀྱི་ཆེད་དབུ་མ་འཇུག་པའི་འགྲེལ་པ་དང་སྤྱོད་འཇུག་ལ་སོགས་པར་སྐྲུན་སྐབས་ཞུ་དག་གི་གཙོ་འགན་གནང་། ཝཱ་ཎཱ་མཐོ་སློབ་ཐོན་འཕྲལ་དཔལ་ས་སྐྱ་ཆོས་སྒར་གྱི་དགེ་རྒན་ལོ་གསུམ་མ་ཟིན་ཙམ་གནང་བའི་རྗེས་ཝཱ་ཎཱར་དགེ་རྒན་འོས་སྦྱོང་ཐེངས་དང་པོའི་ནང་འཛུལ་ཞུགས་གནང། དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་སྦིར་གསར་འབྱོར་སློབ་གྲྭར་དགེ་རྒན་དུ་བསྐོ་གཞག་གིས་ལོ་གཉིས་མ་ཟིན་ཙམ་དགེ་རྒན་གནང། ཕྱི་ལོ་ ༡༩༨༨ ལོར་སྐབས་ ༡༠ པའི་བོད་མི་མང་སྤྱི་འཐུས་སུ་ས་སྐྱའི་ཁོངས་ནས་བདམས་ཐོན་བྱུང་། སྐབས་བཅུ་པའི་སྤྱི་འཐུས་འཁྱུར་རྗེས་བར་བརྒལ་གྱི་དུས་ཡུན་ལོ་གཅིག་རིང་སླར་ཡང་ས་སྐྱ་ཆོས་སྒར་དུ་དགེ་རྒན་གནང། དེ་ནས་སྐབས་ ༡༡།༡༢།༡༣།༡༤ བཅས་སུ་ས་སྐྱའི་ཁོངས་ནས་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་དང་། དེ་རྗེས་སྐབས་ ༡༥ པར་དབུས་གཙང་ཁོངས་ནས་བདམས་ཐོན་བྱུང་ཡོད།
སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་། ཐོག་མར་གྲོས་ཚོགས་ལས་རིམ་གསར་ཤོག་འགོ་འཛུགས་ཞུས་སྐབས་འགན་གཙོ་ལོ་ཤས་གནང་བ་དང་། འབྲུག་ཏུ་གཞུང་གི་སྐུ་ཚབ་ཁོངས་སུ་བཅར་བ་དང་། ཕྱི་རྒྱལ་པོར་ཅུ་གྷལ་དུ་ཆབ་སྲིད་གུ་ཡངས་བརྗོད་གཞིའི་ཐོག་ཟབ་སྦྱོང་ནང་མཉམ་ཞུགས་གནང་། ཅེག་རྒྱལ་ཁབ་དང་། སྦེལ་ཇེ་ཡེམ་ཡུ་རོབ་གྲོས་ཚོས་སུ་ཐེངས་གཉིས་གྲོས་ཚོགས་ཀྱི་ཚོགས་གཙོས་མགྲོན་འབོད་ལྟར་ཐེངས་གཅིག་དང་གཞན་གཅིག་བཅས་ཐེངས་གཉིས་དང་། གཞན་ཡང་ཨི་ཊ་ལི། ཨི་ཌན་སྦག ཧོ་ལེནྚ། ཨིང་ལེནྚ་བཅས་སུ་ཕེབས། ཚོད་དཔག་འཆར་རྩིས་ཚོགས་ཆུང་། དམིགས་བཀར་དམིགས་བསལ་ཚོགས་ཆུང་། ལས་བྱེད་གཟེངས་རྟགས་ཚོགས་ཆུང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བཀའ་སྤྱི་གཉིས་ལས་གྲུབ་པའི་དབུས་ཀྱི་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ཚོགས་མི། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་། མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཕྱོགས་སྒྲིག་བྱེད་པོའི་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ སྐབས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་། བཅའ་ཁྲིམས་བསྐྱར་བཅོས་ ༢༥ པའི་རྗེས་འབྲེལ་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་། བོད་ནང་གི་ཛ་དྲག་གནས་སྟངས་དང་བསྟུན་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བ་བདེན་པའི་མེ་ལྕེའི་སྐོར་བསྐྱོད་ལས་འགུལ་གྱི་ཚོགས་ཆུང་། སྤྱི་ལྷན་ཚོགས་ཁང་དང་ལས་ཁུངས་གསར་རྒྱག་གི་ཚོགས་ཆུང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཤེས་ཡོན་ཚོགས་ཆུང་ལ་སོགས་ད་བར་ཉུང་མཐར་ཚོགས་ཆུང་ཁག་ ༣༠ ལྷག་ལ་བསྐོ་གཞག་བྱུང་བ་དང་། ཚོགས་ཆུང་ཁ་ཤས་ལ་ཚོགས་དྲུང་ལས་མང་ཆེ་བར་ཚོགས་གཙོར་སྤྱི་མོས་བསྐོ་གཞག་བྱུང་ཡོད།
གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་ཟབ་སྦྱོང་མང་དག་ལ་གསུང་བཤད་དང་། ཤེས་ཡོན་སྲིད་བྱུས་གཞིར་བཟུང་འཛིན་རིམ་ལྔ་པ་ནས་བརྒྱད་པ་བར་གྱི་སྤྱི་ཚོགས་ཚན་རིག་སློབ་དེབ་ཆེད་སློབ་ཚན་གང་འཚམས་ཤིག་ཟིན་བྲིས་དང་། ལས་བྱེད་འདེམས་ལྷན་གྱི་ལས་བྱེད་གསར་བསྡུའི་དྲི་ཤོག་ཐེངས་མང་བཟོས་མྱོང་ཡོད། འོས་བསྡུ་ལས་ཁང་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གཉིས་ཀྱི་ལོ་རྒྱུས་འབྲི་རྩོམ་གནང་བ་དང་། རྩིས་ཞིབ་ལས་ཁང་གི་ལོ་རྒྱུས་ལ་ཞུ་དག་གནང་མྱོང་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་སྐབས་ ༡༦ པའི་སྤྱི་འཐུས་ཚོགས་གཙོར་འོས་འདེམས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༩ བར་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་རྒྱུ་ཡིན་པ་བཅས།།