ཟླ་བ་ ༥ ཚེས ༢༤ ༢༠༡༦
   Posted in གསར་གནས།
Published By ngawang thokmey

༢༠༡༦ ཟླ་ ༥ ཚེས་ ༢༤ རེས་གཟའ་མིག་དམར།

unnamed༄༅། །ཕྱི་ལོ ༢༠༡༤ ཟླ་བ་ ༡༠ ལོ་མཇུག་ཏུ་༸གོང་ས་མཆོག་འདི་ག་མེ་ས་ཆུ་སི་ཊི་འཕྲུལ་རིག་བསྟི་གནས་ཁང་  Massachusetts Institute of Technology དུ་ཆིབས་སྒྱུར་བསྐྱངས་སྐབས་དོལ་རྒྱལ་རྗེས་འབྲང་པ་བློ་བཟང་རྒྱལ་མཚན་ནམ་འདབ་པ་རྒྱགས་པ་ཟེར་བ་ཁོ་པས། ངག་དབང་ནོར་བུ་ཤར་པ་ཞུ་བ་མི་སྣ་རྒན་གྲས་ཤིག་ལ་དཔུང་འཇུག་བྱས་པ་སོགས་བྱ་ངན་བརྩམས་པར་བརྟེན། ངག་དབང་ནོར་བུས་ཁོ་པ་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་ཡོད། དེར་བརྟེན་ཕྱི་ལོ་ ༢༠༡༦ ཟླ་བ་ ༥ ཚེས་ ༢༣ ཉིན་བྷོ་སི་ཊོན་མངའ་ཁོངས་ཀྱི་ཁེམ་སྦི་རི་ཇི་རྫོངས་ཁྲིམས་ཁང་ Cambridge Distric Court ཏུ་མཐའ་མའི་ཐག་གཅོད་ཆེད་སྔ་དྲོའི་ཆུ་ཚོད་ ༩ ཐོག་ཞུ་སྦྱོར་བ་དང་རྩོད་ལན་པ་གཉིས་ཀ་ཁྲིམས་བཀུག་གནང་འདུག

དེ་ཡང་ཆུ་ཚོད་ ༩།༣༠ ཐོག་རྩོད་ལན་པ་བློ་བཟང་རྒྱལ་མཚན་ནམ་འདབ་པ་རྒྱགས་པ་ཁོ་པའི་ཁྲིམས་རྩོད་པ་དང་བོད་པའི་སྐད་སྒྱུར་བཅས་གསུམ་ནས་མནའ་སྐྱེལ་དམ་འབུལ་རྗེས་ས་གནས་སྲིད་གཞུང་གི་ཁྲིམས་རྩོད་པས་བློ་བཟང་རྒྱལ་མཚན་གྱི་བྱ་སྤྱོད་ཇི་སྤེལ་ཆ་ཚང་ཁྲིམས་དཔོན་ཆེན་མོར་སྙན་སེང་ཞུས་རྗེས་དོལ་ཚོགས་ཀྱི་ཁྲིམས་རྩོད་པས་གནད་དོན་དེའི་སྐོར་བློ་རྒྱལ་དང་གྲོས་བསྡུར་བྱ་དགོས་པས་དུས་ཚོད་ཕྲན་བུ་ནར་འགྱངས་ཡོང་བའི་འབོད་སྐུལ་ཞུས་སྟབས། སྔ་དྲོའི་ཆུ་ཚོད་ ༡༠།༤༥ བར་ཁོ་པ་ཚོ་གྲོས་བསྡུར་བྱུང་རྗེས་སྔ་དྲོའི་ཆུ་ཚོད་ ༡༡ མ་ཟིན་ཙམ་ལ་ཁྲིམས་དཔོན་ཆེན་མོ་མཆོག་གི་མདུན་དུ་སྐད་སྒྱུར་བརྒྱུད་ནག་ཉེས་ངོས་ལེན་བྱས་འདུག

སྐབས་དེར་ཁྲིམས་དཔོན་མཆོག་ནས་ད་རེས་བློ་བཟང་རྒྱལ་མཚན་གྱིས་ནག་ཉེས་ངོས་ལེན་བྱས་པ་དེས་ད་ལྟ་ཁོ་པར་ཨ་རིའི་མི་སེར་ཆགས་མེད་པས་མ་འོངས་པར་ཨ་རིའི་མི་སེར་ཆགས་རྒྱུར་འགོག་རྐྱེན་བཟོ་སྲིད་པ་དེ་ཤེས་མིན་འདྲི་སྐབས། འདབ་པ་རྒྱགས་པས་

དོལ་རྒྱལ་རྗེས་འབྲང་པ་བློ་བཟང་རྒྱལ་མཚན་ནམ་རྡོ་བ་རྒྱགས་པ།

དོལ་རྒྱལ་རྗེས་འབྲང་པ་བློ་བཟང་རྒྱལ་མཚན་ནམ་འདབ་པ་རྒྱགས་པ།

ཤེས་ཀྱི་ཡོད་ཚུལ་ལན་འདེབས་བྱས་འདུག ཡང་ཁྲིམས་དཔོན་ནས་ནག་ཉེས་ངོས་ལེན་བྱས་ན་ཁོ་པར་ཉེན་རྟོག་པས་ཚོད་ལྟའི་དུས་ཡུན་ལོ་གཅིག་འཇོག་རྒྱུ་དང་ལོ་དེའི་རིང་ནག་ཉེས་ཆེ་ཆུང་ལ་མ་ལྟོས་པར་དཔེར་ན། ལག་འཁྱེར་མེད་པར་སྣུམ་འཁོར་གཏང་བ་དང་། རྒྱ་ལམ་གྱི་གློག་དམར་པོ་འབར་བཞིན་དུ་སྣུམ་འཁོར་གཏང་བ། ཆང་རག་དང་ཉལ་ཐག་སོགས་བེད་སྤྱོད་འོག་སྣུམ་འཁོར་གཏང་བ། གཞན་ལ་སྣུམ་འཁོར་གྱིས་རྒྱག་རྡུང་བྱེད་པ་དང་། གཞན་ཡང་སྲང་ལམ་མམ་སྡོད་ཁྱིམ་སོགས་གང་སར་འཁྲུག་པ་བརྒྱབ་པ་སོགས་ཀྱི་ཁྲིམས་འགལ་རིགས་བྱས་ཚེ་འཛིན་བཟུང་གི་ནག་ཉེས་ལ་གཞིགས་པའི་བཙོན་བཅུག་ལོ་གཉིས་དང་ཕྱེད་ཀའམ། ཨ་རི་ནས་ཕྱིར་འབུད་བྱེད་པ། ཨ་རིའི་མི་སེར་ཆགས་རྒྱུ་མེད་པ་སོགས་ཡོང་སྲིད་པ་ཤེས་སམ་ཞེས་འདྲི་སྐབས་ཁོ་པས་ཤེས་ཀྱི་ཡོད་ཅེས་ལན་འདེབས་བྱས་འདུག

གཞན་ཡང་སྐབས་དེར་ཁྲིམས་དཔོན་མཆོག་གིས་འདབ་པ་རྒྱགས་པ་ཁོ་པ་ནམ་ཡང་ངག་དབང་ནོར་བུ་ཤར་པའི་ཉེ་འགྲམ་དུ་འགྲོ་བ་དང་ཁོང་ལ་ལག་ཐོག་ཁ་པར་དང་། ངོ་དེབ་སོགས་བརྒྱུད་ཐད་ཀར་འབྲེལ་བ་བྱེད་པའམ། ཡང་ན་གང་ཟག་གཞན་ལ་བརྒྱུད་སྐུལ་བྱས་ནས་འབྲེལ་བ་སོགས་བྱེད་མི་ཆོག་པའི་བཀའ་གནང་འདུག མཐའ་དོན་ཁྲིམས་དཔོན་མཆོག་ནས་བློ་བཟང་རྒྱལ་མཚན་ནམ་འདབ་པ་རྒྱགས་པ་ཁོ་པར་ད་རས་ཐེངས་གཅིག་ལ་ས་གནས་ཁྲིམས་རྩོད་པར་ཨ་སྒོར་ ༩༠ ཐམ་པ་དང་། ས་གནས་སྲིད་གཞུང་ལ་ཟླ་རེར་ཨ་སྒོར་ ༥༠ ཐམ་པ་ལོ་གཅིག་རིང་འབུལ་དགོས་པའི་ཁྲིམས་ཐག་བཅད། གལ་ཏེ་འབུལ་ཆད་བྱུང་ན་ལམ་སེང་འཛིན་བཟུང་གིས་ས་གནས་བྷོ་སི་ཊོན་ཁྲིམས་ཁང་དུ་ཁྲིམས་བཅད་གཏོང་རྒྱུའི་ཉེན་བརྡ་ཡང་བཏང་འདུག དེ་རྗེས་ཁྲིམས་དཔོན་ཆེན་མོ་མཆོག་ནས་ཡིག་ཆའི་ཐོག་བློ་བཟང་རྒྱལ་མཚན་གྱི་མིང་རྟགས་ལེན་རྗེས་ཁྲིམས་གཏུགས་གི་ལས་རིམ་རྫོགས།

དེ་ནས་སྲིད་གཞུང་ཁྲིམས་རྩོད་པས་ངག་དབང་ནོར་བུ་ཤར་པའི་ལག་པ་བཟུང་ནས། ད་ནས་བཟུང་ཁྱེད་རང་ནམ་ཡང་ཁྲིམས་ཁང་འདིར་ཡོང་དགོས་ཀྱི་མ་རེད། ཁྱེད་རང་གི་ཁྲིམས་གཏུགས་ལས་ཀ་ཚང་མ་ཡག་པོ་བྱུང་སོང་བས་བཀྲིས་བདེ་ལེགས་ཡོད་བཅས་འཚམས་འདྲི་གནང་ཡོད། ཁྲིམས་ཁང་གི་ཕྱི་རོལ་དུ་བྷོ་སི་ཊོན་བོད་ཀྱི་བདེན་དོན་དམངས་ཁྲོད་ཁ་བརྡའི་རྒྱུན་ལས་རྣམས་སྒུག་ཡོད་སྐབས་དེར་ངག་དབང་ནོར་བུ་ཤར་པའི་ཁྲིམས་རྩོད་པའི་སྐུ་ཚབ་ལྕམ་སྐུ་ས་རནྱ་སུརེཤ་ (Saranya Suresh) ལགས་ལ་གྱོད་གཞི་འདི་སྐོར་བཅར་འདྲི་དང་ཞུ་སྦྱོར་བ་ངག་དབང་ནོར་བུ་ལའང་བཅར་འདྲི་གནང་བ་བཅས།།

Share with your friends










Submit