མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

རྒྱ་ནག་གཞུང་གིས་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་གློད་བཀྲོལ་བཏང་བ།

༢༠༡༦ ཟླ་ ༤ ཚེས་ ༡༩ རེས་གཟའ་མིག་དམར།

pangrina-Rinpoche༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༧ ཉིན་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་འོག་ནས་གློད་བཀྲོལ་བཏང་ཡོད་ཀྱང་། ད་ལྟ་ཁོང་ཇི་ལྟར་གློད་བཀྲོལ་བཏང་མིན་དང་སྐུ་གཟུགས་ཀྱི་གནས་སྟངས་ཇི་ཡོད་སྐོར་སོགས་ཤེས་རྟོགས་ཐུབ་མེད། ཕྱི་ལོ་ ༢༠༠༨ ཟླ་ ༠༥ ཚེས་ ༡༨ ཉིན་གྱི་ཐོ་རངས་སུ་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མིས་རིན་པོ་ཆེའི་གཟིམ་ཆུང་མཐའ་སྐོར་ཏེ་འཛིན་བཟུང་བྱས་ཡོད་པ་མ་ཟད། རིན་པོ་ཆེའི་གཟིམ་ཤག་ཀྱང་སྔོག་བཤེར་བྱས་ཡོད་འདུག དམག་མི་དང་ཉེན་རྟོག་པ་མང་པོས་དུས་ཡུན་རིང་པོར་སྤང་རི་སྣ་དང་ཡར་སྟེང་བཙུན་དགོན་གཉིས་ལ་དམ་བསྒྲགས་ཆེན་པོ་བྱས་ཡོད།

8585e2cb-f2a4-480f-97ca-194d9cff7a80རིན་པོ་ཆེ་འཛིན་བཟུང་བྱས་རྗེས་ཟླ་བ་མང་པོའི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༣ ཉིན་དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིན་པོ་ཆེ་མཆོག་ལ་ལོ་ ༨ དང་ཟླ་བ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་མན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། རིན་པོ་ཆེ་མཆོག་ལ་ཁྲིམས་ཐག་གཅོད་སྐབས་ཁྲིམས་བཤེར་སོགས་ཀྱི་གོ་རིམ་གང་ཡང་བརྒྱུད་མེད་པ་མ་ཟད། དེ་སྔོན་ཁྲིམས་རྩོད་པ་གཉིས་གླས་ཡོད་པའང་ཁྲིམས་རྭར་བཅར་བཅུག་མེད་པ་དང་། ནང་མི་གཉེན་འབྲེལ་ཚོས་རིན་པོ་ཆེ་མཆོག་ལ་ནག་ཉེས་གང་བཙུགས་ཡོད་པའང་གསལ་པོ་ཤེས་རྟོགས་བྱུང་མི་འདུག

ཕྱི་ལོ་ ༢༠༡༤ ཟླ་ ༨ པའི་ནང་གནས་ཚུལ་ཐོན་གསལ། རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་དང་། ཁོང་གི་ནང་མི་དང་རྗེས་འཇུག་སློབ་རྒྱུན་ཚོས་རིན་པོ་ཆེ་མཆོག་ལ་སྐུ་གཟུགས་སྨན་བཅོས་ཆེད་གང་མགྱོགས་གློད་བཀྲོལ་གཏོང་ཐབས་སུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱབ་རོགས་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

རྒྱ་ནག་གཞུང་གིས་སྤང་རི་སྣ་དང་ཡར་སྟེང་བཙུན་དགོན་གཉིས་ཀྱི་བཙུན་མ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་སྐབས་བཙུན་མ་ཚོས་ངོ་རྒོལ་བྱས་པ་དང་། ༸གོང་ས་མཆོག་ལ་སྐྱོན་བརྗོད་གྱི་ཡིག་ཆའི་སྟེང་མཚན་རྟགས་མ་བཀོད་པ། དེ་བཞིན། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་སྤང་རི་སྣ་དགོན་པའི་བཙུན་མ་ ༥༤ ཙམ་གྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ཁྲོམ་བསྐོར་བྱས་པ་སོགས་ནི་སྤང་རི་སྣ་རིན་པོ་ཆེའི་བྱུས་འགོད་ཡིན་པ་དང་། ཕྱི་ལོ་ ༢༠༠༢ ལོར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་གློ་བུར་སྙུང་གཞི་བཞེས་སྐབས། སྤང་རི་སྣ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དཀར་མཛེས་མི་མང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཞབས་རིམ་བསྒྲུབས་པ་སོགས་ཆབ་སྲིད་ནག་ཉེས་སུ་བརྩིས་ཡོད་འདུག

སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེའམ་ཕུར་བུ་ཚེ་རིང་མཆོག་ནི། ཕྱི་ལོ་ ༡༩༥༧ ཟླ་ ༡ ཚེས་ ༢ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་། བེ་རི་སྡེ། གསེར་མཁར་ཡུལ་ཚོ། མཆིག་རིང་གྲོང་ཡབ་ཚེ་དབང་དར་རྒྱས་དང་། ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། རིན་པོ་ཆེ་མཆོག་དཀར་མཛེས་སྤང་རི་སྣ་བཙུན་དགོན་དང་ཡར་སྟེང་བཙུན་དགོན་གཉིས་ཀྱི་དགོན་བདག་ཡིན་པ་དང་སྤང་རི་སྣ་སྒེར་གྱི་རྒན་གསོ་ཁང་གི་འགན་འཛིན་ཡང་ཡིན་འདུག་པ་བཅས།།

Share with your friends










Submit