ཟླ་བ་ ༣ ཚེས ༢༩ ༢༠༡༦
   Posted in གསར་གནས།
Published By ngawang thokmey

༢༠༡༦ ཟླ་ ༣ ཚེས་ ༢༩ རེས་གཟའ་མིག་དམར།                     

རུ་ཊར་སི་ (Reuters)གསར་འགོད་པ་ཌེ་ཝི་ཌི་ལེག་ (David Lague) དང་སཊེ་ཕིནི་ནེ་བེ་ཧེ་ (Stephanie Nebehay) ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༡  ཉིན།                                                                                                                                                                                   

༄༅། །རྒྱལ་སྤྱིའི་ཐོག་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་སུན་གཙེར་བཟོ་མཁན་ནང་པའི་ཤོག་ཁག་གི་དྲ་རྒྱའི་སྟེང་། ད་ནས་བཟུང་༸གོང་ས་ཏཱ་ལའི་བླ་མ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱང་སྐབས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་མཚམས་འཇོག་རྒྱུ་མ་ཟད། ཆེད་མངགས་ངོ་རྒོལ་སྐད་འབོད་ཆེད་བཙུགས་པའི་ཚོགས་པ་དེ་ཡང་ཕྱིར་བསྡུ་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་སྤེལ་འདུག  གསལ་བསྒྲགས་དེ་ནི། སྔ་ལོའི་ཕྱི་ཟླ་ ༡༢ ནང་འདི་ག་རུ་ཊར་སི་གསར་ལས་ཁང་གིས་རྟོག་ཞིབ་བྱས་པ་བརྒྱུད་རྒྱལ་སྤྱིའི་ཐོག་ཏཱ་ལའི་བླ་མར་ངོ་རྒོལ་མཚན་སྨད་ཞུ་མཁན་ནང་པའི་ཤོག་ཁག་དེར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བརྒྱུད་སྐུལ་བྱེད་བཞིན་ཡོད་པ་ར་སྤྲོད་བྱས་རྗེས་སྤེལ་བ་ཞིག་ཡིན་འདུག འདི་ག་རུ་ཊར་སི་གསར་ལས་ཁང་གིས་རྟོག་ཞིབ་བྱེད་སྐབས་ནང་པའི་ཤོག་ཁག་དེ་རྒྱ་ནག་གཞུང་གིས་ལག་ཆ་གཙོ་བོར་བཀོལ་ནས་རྒྱལ་སྤྱིའི་སྟེང་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་མཚན་སྨད་ཞུ་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད་པ་དངོས་ར་འཕྲོད་ཐུབ་པ་བྱུང་ཡོད།

ཁོ་པ་ཚོའི་དྲ་རྒྱའི་སྟེང་། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་འགན་འཛིན་རྣམས་ཀྱིས། ཏཱ་ལའི་བླ་མར་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་མཐའ་གཅིག་ཏུ་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། ཞེས་བཀོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ནས་བཟུང་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་དང་ཚོགས་པ་དེའི་དྲ་རྒྱ་བཅས་ཚང་མ་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་བཀོད་པ་ཙམ་ལས། རྒྱུ་མཚན་འདི་ཡིན་གྱི་གསལ་བཤད་གང་ཡང་བྱས་མེད།

ཟླ་ཚེས་གང་ཡང་མི་གསལ་བའི་གསལ་བསྒྲགས་དེ་ལེན་ཕོ་ལེའི་ Len Foley མིང་ཅན་ཐོག་སྤེལ་བ་དང་། ཁོ་པ་ནི་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་མགྲིན་ཚབ་པ་རེད། ཁོ་པའི་ཁ་པར་ཨང་གྲངས་དེ་སྔ་དྲ་རྒྱའི་སྟེང་ཡོད་ཀྱང་ད་ཆ་མཐུད་མཚམས་བཅད་འདུག ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་མགྲིན་ཚབ་པ་ནི་ཀོ་ལ་སི་པི་ཊི་སི་ Nicholas Pitts ཁོ་པར་དེའི་སྐོར་གསལ་བཤད་བྱ་རྒྱུའི་རེ་བ་བཏོན་ཡང་གསལ་བཤད་གང་ཡང་བྱེད་མེད།

ཏཱ་ལའི་བླ་མ་མཆོག་ལ་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཕྱིར་བསྡུ་བྱ་རྒྱུའི་ཐག་གཅོད་བྱས་པའི་སྐོར་མཁྱེན་རྟོགས་བྱུང་ཡོད་ཀྱང་། རྒྱུ་མཚན་གང་ཡིན་སྐོར་འདྲི་སྐབས། ངོས་ཀྱིས་མི་ཤེས། ཁྱེད་ཚོའི་རྩོམ་ཡིག་དེ་ཆ་ཚང་བ་ཞིག་དང་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་ཉམས་ཞིབ་བྱས་པ་ཞིག་རེད། ཕན་ཐོགས་ཧ་ཅང་བྱུང་འདུག ཅེས་དེ་རིང་གྲོང་ཁྱེར་ཇི་ནི་ཝའི་ནང་གསར་འགོད་ལྷན་ཚོགས་རྗེས་འདི་ག་རུ་ཊར་སི་གསར་འགོད་པས་ཟུར་མཇལ་ཞུ་སྐབས་བཀའ་ལན་སྩལ་ཡོད། དེ་ནི་ཏཱ་ལའི་བླ་མ་མཆོག་གིས་དེ་སྔ་རུ་ཊར་སི་གསར་ལས་ཁང་གི་རྟོག་ཞིབ་བྱས་པའི་རྩོམ་ཡིག་ལུང་འདྲེན་མཛད་ནས་གསུང་པ་ཞིག་རེད། བྲོས་བྱོལ་དུ་ཕེབས་ནས་མི་ལོ་ ༥༠ ལྷག་སོང་ཡང་བོད་ནང་གི་བོད་མི་ས་ཡ་དྲུག་ཕལ་ཆེ་བས་ཏཱ་ལའི་བླ་མར་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་ལ་ངོས་འཛིན་ཞུས་ནས་བརྩི་བཀུར་ཧ་ཅང་ཞུ་བཞིན་ཡོད་པ་དེས་པེ་ཅིང་སྲིད་གཞུང་ལ་ཁོང་ཁྲོ་དྲག་པོ་སློང་བཞིན་ཡོད། རྒྱ་ནག་གཞུང་གིས་རྒྱུན་དུ། ཏཱ་ལའི་བླ་མ་ནི་ཁ་བྲལ་བ་རེད། ཅེས་བོད་དེ་རྒྱ་ནག་དང་ཁ་བྲལ་གཏོང་མཁན་ཞིག་ལ་ངོས་འཛིན་གྱིས་སྙོན་འཛུགས་བྱེད་བཞིན་ཡོད། ཨ་རིའི་ཁེ་ལི་ཕོར་ནི་ཡའི་ནང་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པས་དགེ་རྩ་ཚོགས་པའི་མིང་ཐོག་ནས་དེབ་སྐྱེལ་བྱས་འདུག རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་མགྲིན་ཚབ་པ་ཚོས་བརྗོད་པ་ལྟར་ན།

ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཁོ་པ་ཚོས་ཏཱ་ལའི་བླ་མར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་ངོས་ལེན་བྱེད་བཞིན་ཡོད་ཀྱང་པེ་ཅིང་གཞུང་ངམ་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བ་ཡོད་པ་ངོས་ལེན་བྱེད་ཀྱི་མེད། ངོ་རྒོལ་བ་དེ་དག་བོད་བརྒྱུད་ནང་བསྟན་ཁྲོད་རྡོ་རྗེ་ཤུགས་ལྡན་ཟེར་བའི་དྲེགས་པ་བསྟེན་གསོལ་བྱེད་མཁན་གྱི་ཚོགས་མིའི་གྲས་ནས་ཡིན་འདུག ཏཱ་ལའི་བླ་མས་དྲེགས་པ་དེ་འབྱུང་པོ་འཚེ་བ་ཅན་ཞིག་ཡིན་སྟབས་བསྟེན་གསོལ་བྱེད་མི་རུང་བའི་ལམ་སྟོན་མཛད་བཞིན་ཡོད། རྡོ་རྗེ་ཤུགས་ལྡན་རྗེས་འབྲང་པ་ཚོས་དགུང་གྲངས་ ༨༠ ཕེབས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཏཱ་ལའི་བླ་མས། ཁོ་པ་ཚོར་སྡུག་སྦྱོང་བཏང་བ་མ་ཟད། བོད་བརྒྱུད་ནང་བསྟན་ཁྲོད་དབྱེན་དཀྲུག་བཟོ་བཞིན་ཡོད་པའི་སྐྱོན་འཛུགས་ཞུ་བཞིན་ཡོད། ཏཱ་ལའི་བླ་མ་མཆོག་གིས། ངོས་ནས་ཀྱང་དེ་སྔ་མི་ཤེས་པར་རྨོངས་པའི་གཞན་དབང་དུ་སོང་ནས་དོལ་རྒྱལ་བསྟེན་པ་རེད། དོལ་རྒྱལ་བསྟེན་པ་དེས་གནོད་ཚབས་ཧ་ཅང་ཆེན་པོ་འདུག ཅེས་གསུངས།

ནུབ་ཕྱོགས་ངོ་རྒོལ་བ།

གནད་དོན་འདི་དེ་སྔ་ཆོས་ལུགས་ནང་ཁུལ་གྱི་གླེང་གཞི་ཙམ་ལས་ཡོངས་གྲགས་ཤིག་མིན་ནའང་། ད་ཆ་ནུབ་ཕྱོགས་སུ་རྩོད་གཞི་འདི་བསླེབས་ཡོད། ངོ་རྒོལ་བ་ཚོས་ཏཱ་ལའི་བླ་མ་མཆོག་བྱང་ཨ་རི་དང་། ཡུ་རོབ། ཨོ་སི་ཊོ་ལ་ཡ་བཅས་ཀྱི་གྲོང་ཁྱེར་ཁག་ཏུ་ཡང་ཡང་བཀའ་སློབ་བསྩལ་ཆེད་ཆིབས་སྒྱུར་སྐྱོང་སྐབས། རྗེས་དེད་བཏང་ནས་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད། ངོ་རྒོལ་བྱེད་མཁན་ཕལ་མོ་ཆེ་ཚོགས་པ་དེར་གསར་ཞུགས་བྱེད་མཁན་ནུབ་ཕྱོགས་མི་རིགས་ཡིན་པ་དང་། ཁོ་པ་ཚོས་བོད་རིགས་ངོ་རྒོལ་བ་ཉུང་ཤས་ཡོད་པ་ཚོ་དང་ལག་འབྲེལ་བྱས་ནས་སྐད་འབོད་བྱས་པ་དང་། རྔ་རྡུང་བ། མཚམས་རེ་ཏཱ་ལའི་བླ་མའི་གཏམ་བཤད་དང་གསུང་ཆོས་ཀྱི་མཛད་སྒོ་ཁག་ལ་འགོག་རྐྱེན་བཟོ་བཞིན་ཡོད། ཁོ་པ་ཚོས་ཏཱ་ལའི་བླ་མ་ནི་ཆོས་ལུགས་ཀྱི་རྨོངས་ཞེན་བྱེད་མཁན་ཞིག་དང་ཟོག་རྫུ་རེད། ཅེས་སྙོན་འཛུགས་བྱེད་བཞིན་ཡོད། ཉེ་ལམ་ཏཱ་ལའི་བླ་མ་མཆོག་གི་མཛད་འཆར་སྐབས་ངོ་རྒོལ་བྱེད་མཁན་ཧ་ལམ་བྱུང་མེད། འོན་ཀྱང་ཏཱ་ལའི་བླ་མ་མཆོག་དང་ཉེ་པོ་ཡོད་པའི་མི་སྣ་ཁག་གཅིག་གིས། ཏཱ་ལའི་བླ་མ་མཆོག་བདུན་ཕྲག་འདིའི་འགོ་སྟོད་ཙམ་དུ་མེ་ཌི་སན་དང་ཝི་སི་ཀན་སིན་ནང་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་བྱེད་མཁན་ཉུང་ཤས་ཤིག་བྱུང་ཡོད་སྐོར་བརྗོད་བྱུང། དེ་རིང་འདིར་སུད་སི་གྲོང་ཁྱེར་ཇི་ནི་ཝའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་ཁ་སྤྲོད་མདུན་ཐང་དུ་མི་གྲངས་བརྒྱ་ཕྲག་མང་པོས་བོད་ཀྱི་རྒྱལ་དར་ལག་ཏུ་བཟུང་ནས། རྔ་རྡུང་བཞིན་ཏཱ་ལའི་བླ་མར་འཚམས་འདྲི་དང་སྦྲགས། ཁོང་གི་བཀའ་སློབ་ཉན་དུ་བཅར་ཡོད་པ་ལས། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་མཐོང་རྒྱུ་མི་འདུག སྔ་ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིར་ཆིབས་སྒྱུར་སྐབས་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་སྐབས་དེའི་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་མགྲིན་ཚབ་པ་བོད་རིགས་བསོད་ནམས་རིན་ཆེན་གྱིས། ད་ཆ་ཏཱ་ལའི་བླ་མར་ངོ་རྒོལ་གྱི་ལས་འགུལ་ཕྱིར་བསྡུ་བྱ་རྒྱུའི་རྒྱུ་མཚན་གང་ཡིན་ཤེས་རྟོགས་མེད་སྐོར་བརྗོད་བྱུང་། ཁོ་པ་རྒྱ་ནག་དང་འབྲེལ་བ་གང་ཡང་མེད་ཚུལ་དང་། ཁོ་པ་སྒེར་ངོས་ནས་ངོ་རྒོལ་མུ་མཐུད་དགོས་མིན་ཐད་ཐག་གཅོད་བྱུང་མེད་པ་མ་ཟད། ཁོ་པ་དང་ཤུགས་ལྡན་རྗེས་འབྲང་པ་ཁག་གཅིག་གིས་ཏཱ་ལའི་བླ་མས་དོལ་རྒྱལ་ལ་དམ་བསྒྲགས་མཛད་པར་བརྟེན་གཞིས་བྱེས་གཉིས་སུ་བོད་མི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོ་ནང་དང་དགོན་པ་སོགས་ནས་ཕྱིར་འབུད་བྱས་པའི་གནས་ཚུལ་བྱུང་ཡོད་ཅེས་བརྗོད་བྱུང་། འོན་ཀྱང་འདི་ག་རུ་ཊར་སི་གསར་ལས་ཁང་གིས་གནས་ཚུལ་དེ་བདེན་པ་ཡིན་པའི་ཁུངས་སྐྱེལ་བྱེད་ཐུབ་མེད། རིན་ཆེན་གྱིས། དཀའ་ངལ་མྱོང་མཁན་ངོ་མ་དེ་གཞིས་བྱེས་གཉིས་སུ་བོད་མི་དོལ་རྒྱལ་རྗེས་འབྲང་པ་ཚོ་ཡིན། ཞེས་བརྗོད། ཇི་ནི་ཝར་ཏཱ་ལའི་བླ་མ་མཆོག་གིས། དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་སྐོར་རྒྱུ་མཚན་འགྲེལ་བརྗོད་བྱ་རྒྱུ་ངོས་ཀྱི་འགན་རེད། ཉན་དང་མ་ཉན་མི་སྒེར་སོ་སོའི་རང་དབང་རེད། ཅེས་བཀའ་སྩལ་ཡོད།

ཏཱ་ལའི་རུ་ཚོགས་དང་འཐབ་རྒོལ།

སྔ་ལོའི་ཕྱི་ཟླ་ ༡༢ ནང་འདི་ག་རུ་ཊར་སི་གསར་ལས་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་དམར་ཤོག་ལས་བྱེད་ནང་ཁུལ་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་། ཡིག་ཆ་དེའི་ནང་ཤུགས་ལྡན་གནས་ཚུལ་དེ་ནི་ཁོ་པ་ཚོས་ཏཱ་ལའི་རུ་ཚོགས་ལ་འཐབ་རྒོལ་བྱ་རྒྱུའི་མིག་སྔར་གྱི་ནུས་ཤུགས་གལ་ཆེ་བ་ཞིག་ཡིན་པ་འཁོད་འདུག   དེ་སྔ་རྒྱ་བལ་ནང་རྟེན་གཞི་བྱས་པའི་ཤུགས་ལྡན་ལས་འགུལ་ཚོགས་པ་ཟེར་བའི་ཚོགས་མི་བླ་མ་ཚེ་བཀྲ་དེང་སྐབས་ཨ་རིའི་ནང་ཡོད་པ་ཁོང་གིས། འདི་ག་རུ་ཊར་གསར་ལས་ཁང་ལ། རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་ཟེར་བའི་དབང་ཤུགས་ཅན་གྱི་ཚོགས་པ་དེའི་ལམ་སྟོན་བརྒྱུད་སྐུལ་འོག་དོལ་རྒྱལ་ཚོགས་པས། ཏཱ་ལའི་བླ་མར་མཚན་སྨད་ཞུ་རྒྱུའི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། ཁོང་དང་ཤུགས་ལྡན་ཚོགས་མི་ཁག་གཅིག་ལ་རྒྱ་ནག་གཞུང་གིས་ངོ་རྒོལ་གྱི་ལས་འགུལ་དེ་འདྲ་སྤེལ་རྒྱུའི་འཆར་གཞི་བཀོད་སྒྲིག་བྱེད་ཆེད་གླ་ཕོགས་སྤྲད་ཡོད་སྐོར་བརྗོད་བྱུང་། འོན་ཀྱང་རྒྱ་ནག་གཞུང་གིས་ངོ་རྒོལ་ལས་གཞིར་དཔལ་འབྱོར་གྱི་རོགས་རམ་བྱས་པའི་དཔང་རྟགས་ཡིག་ཆ་སོགས་བླ་མ་ཚེ་བཀྲས་ང་ཚོར་གང་ཡང་སྤྲད་མ་བྱུང་།

རུ་ཊར་སི་གསར་ལས་ཁང་གིས་ཞིབ་འཇུག་སྐབས། ཏཱ་ལའི་བླ་མའི་བདེ་འཇགས་ཐོག་ཉམས་ཞིབ་བྱས་པའི་ཡིག་ཆ་ལག་སོན་བྱུང་བའི་ནང་ངོ་རྒོལ་ལས་འགུལ་དེ་དག་ད་ཆ་ཧ་ཅང་ཛ་དྲག་པོ་ཆགས་ཡོད་སྟབས། ཨ་རི་དང་རྒྱ་གར་སོགས་ཀྱི་གསང་བའི་ལས་ཁུངས་ནས་ཏཱ་ལའི་བླ་མའི་སྐུ་ཕྱྭར་ཉེན་ཁ་ཡོད་པའི་སྔོན་བརྡ་ཕུལ་ཡོད་པ་ར་སྤྲོད་བྱུང་ཡོད། ཏཱ་ལའི་བླ་མའི་སྐུ་ཕྱྭའི་ཉེན་སྲུང་དང་འབྲེལ་བའི་ཉམས་ཞིབ་ཡིག་ཆ་དེ་དག་ཁོང་ཨིན་ཡུལ་དུ་སྔ་ལོ་ཆིབས་སྒྱུར་ཐེངས་གཉིས་མཛད་པ་དེའི་སྔོན་དུ་ཨིན་ཡུལ་སྐུ་ཚབ་དོན་གཅོད་ལ་ཕུལ་བའི་ཡིག་ཆ་ཞིག་རེད།
དེ་ཡང་འདི་ག་རུ་ཊར་སི་གསར་ལས་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པས་རྡོ་རྗེ་ཤུགས་ལྡན་ཚོགས་པར་རྒྱབ་སྐྱོར་བྱས་ཚུལ་སྐོར་འདྲི་སྐབས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཏཱ་ལའི་བླ་མས་ཆོས་ལུགས་ཐོག་བཙན་གནོན་བྱེད་ཀྱི་འདུག ཅེས་བརྗོད་བྱུང་། །

གནས་ཚུལ་འགོད་མཁན། ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་པར་ཐི་ནས་ཌེ་ཝི་ཌི་ལེག་(David Lague) གནས་ཚུལ་འཕར་མ་འགོད་མཁན། མེ་ཌི་སན་ཝིས་ཀོན་སིན་ནས་བེ་རེན་ཌན་ཨོ་བ་ར་ཡེན་(Brendan O’Brien) རྩོམ་སྒྲིག་པ། པི་ཏྲར་ཧིར་ཤི་བྷག་(Peter Hirschberg)

                                                                                                                                                                                                                                                             ༼ཕྱི་དྲིལ་བོད་ཡིག་ཚན་པས་ཨིན་ཡིག་ནས་ཕབ་བསྒྱུར་ཞུས།༽

Share with your friends










Submit