ཟླ་བ་ ༣ ཚེས ༡ ༢༠༡༦
   Posted in གསར་གནས།
Published By Bhara Yeshi

ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡ རེས་གཟའ་མིག་དམར།

༄༅། །ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་དང་གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ Marco Rubio མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ཐག་གཅོད་མཛད་རྒྱུ་ནི་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་སྐུ་དབང་ཁོ་ན་ལས་རྒྱ་ནག་གཞུང་གིས་དེར་ཐེ་ཇུས་བྱེད་རྒྱུའི་འོས་འཚམས་ཤིག་མིན་པ་མ་ཟད། དབང་ཚད་ཀྱང་རྩ་བ་ནས་མེད་སྐོར་གསུངས་འདུག

དེ་ཡང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་དང་མང་གཙོ་ཚོགས་པ་བཅས་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་བདུན་ཡོད་པ་རྣམས་ལ་བོད་དང་། ཏཱ་ལའི་བླ་མ། འགྲོ་བ་མིའི་ཐོབ་ཐང་། རྒྱ་ནག་དང་འབྲེལ་ལམ་གྱི་གནད་དོན་སོགས་ཀྱི་སྐོར་དྲི་བ་དྲུག་ཕུལ་ཡོད་ཀྱང་། སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག་གིས་དྲི་བ་དྲུག་གར་ལན་འདེབས་གནང་ཡོད་པ་མ་ཟད། གལ་སྲིད་ཁོང་རང་ཉིད་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིའི་ཕོ་བྲང་དཀར་པོར་གདན་འདྲེན་ཞུ་རྒྱུ་ནི་ཧ་ཅང་སྐལ་བ་བཟང་པོ་ཡིན་པར་ངོས་འཛིན་གནང་བཞིན་ཡོད་སྐོར་གསུངས།

ཕྱོགས་མཚུངས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁང་ཞིག་ཀྱང་གསར་འཛུགས་གནང་འཆར་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བཞིན་ཁོང་གི་འཛིན་སྐྱོང་གི་ཕྱི་སྲིད་ཀྱི་གནད་དོན་ཁྲོད་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་རྒྱུ་ཡིན། ཞེས་སོགས་ཀྱི་ལན་འདེབས་གནང་འདུག

སྤྱིར་ཁོང་གིས་གྲོས་ཚོགས་ཀྱི་གླེང་སྟེགས་ཐོག་བོད་ཀྱི་གནད་དོན་སྐོར་གསུང་བཤད་གནང་མྱོང་ཡོད་པ་བཅས། །

Share with your friends










Submit