མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

ཁམས་དཀར་མཛེས་བྲག་འགོར་རྒྱ་གཞུང་གིས་ཏཱ་ལའི་བླ་མའི་སྐུ་པར་སྒྲིག་གཤོམ་མི་ཆོག་པའི་བཙན་བཀའ་བཏང་བ།

Share with your friends










Submit

༢༠༡༦ ཟླ་ ༢ ཚེས་ ༤ རེས་གཟའ་ཕུར་བུ།
02556

༄༅། །ཉེ་སྔོན་ཁམས་དཀར་མཛེས་བྲག་འགོར་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པའི་བརྡ་ཐོ་བཏང་ཡོད་འདུག  དེ་ཡང་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣༡ ཉིན། བྲག་མགོ་རྫོང་རིག་གནས་ཡུལ་སྐོར་ལས་ཁུངས་དང་། བྲག་མགོ་རྫོང་སྤྱི་བདེ་ལས་ཁུངས། དེ་བཞིན་རྫོང་མི་རིགས་ཆོས་དོན་ལས་ཁུངས་བཅས་ཀྱིས་ཏཱ་ལའི་བླ་མའི་སྐུ་པར་སྒྲིག་གཤོམ་བྱས་པ་ནི་དྲིལ་བསྒྲགས་ལོག་པར་འགྲོ་བའི་དངོས་རྫས་ཡིན་པར་བརྟེན་ཚོང་ཁང་དང་། མི་མང་འདུ་འཛོམས་བྱ་སའི་སྤྱི་པའི་ཚོང་ཁང་བཅས་ཀྱི་ནང་ཏཱ་ལའི་བླ་མའི་སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་། ད་ཡོད་བོད་མི་རྣམས་ཀྱི་ལག་ཏུ་ཏཱ་ལའི་བླ་མའི་སྐུ་པར་ཡོད་རིགས་རྣམས་དུས་བཀག་རྒྱས་བཅད་བཟོས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢ བར་འདྲ་པར་དེ་རང་འགུལ་ངང་རྫོང་རིག་གནས་ཁྲིམས་འཛིན་རུ་ཆེན་ལ་རྩིས་སྤྲོད་བྱེད་དགོས་པ་དང་། རང་འགུལ་ངང་སྤྲོད་མཁན་ལ་བརྡ་འདེད་མི་བྱེད་རྒྱུ་དང་། དུས་ཚོད་ཕྱིར་འགྱངས་བྱས་པ་དང་སྐུ་པར་རྩིས་སྤྲོད་གཏན་ནས་མི་བྱེད་མཁན་ཚོར་རྫོང་རིག་གནས་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་གྱིས་ཐབས་ཤེས་དྲག་པོ་སྤྱད་ནས་རྩིས་ལེན་བྱེད་རྒྱུ་མ་ཟད། དོ་བདག་ལ་ཁྲིམས་ཆད་ནན་པོ་བྱེད་རྒྱུ་ཡིན། ཞེས་བརྡ་ཐོ་བཏང་ཡོད་འདུག

དེ་བཞིན་བརྡ་ཐོ་དེའི་ནང་འཁོད་གསལ། ཞིབ་བཤེར་བྱས་པའི་བརྒྱུད་མིག་སྔར་བྲག་མགོ་རྫོང་གི་ཚོང་ཁང་ཆེ་ཆུང་འདྲ་མིན་བརྒྱ་ཆ་བཞི་བཅུའི་ནང་། ཟོང་སྒྲོམ་དང་གྱང་ངོས་སུ་ཆ་སྙོམས་ངང་བཀག་བསྡོམས་ལས་འགལ་བའི་ཏཱ་ལའི་བླ་མའི་སྐུ་པར་འཕྱངས་ཡོད་ཚུལ་ཡང་འཁོད་འདུག ད་ལམ་རྒྱ་གཞུང་གིས་བརྡ་ཐོའི་ནང་ཕྱི་ཚེས་ ༢ ཉིན་སྐུ་པར་རྩིས་སྤྲོད་བྱ་དགོས་པའི་དུས་ཚོད་ཡོལ་ཟིན་པར་བརྟེན་ད་ལྟའི་གནས་སྟངས་ཅི་འགྱུར་སྐོར་ཤེས་རྟོགས་གསལ་པོ་ཐུབ་མེད་པ་བཅས། །

Share with your friends










Submit