༢༠༡༦ ཟླ་ ༡ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་གྲྭ་བཀྲ་ཤིས་ལྷུན་པོར་སྩོལ་བཞིན་པའི་ཆོས་འབྲེལ་ཉིན་བཅུ་གཅིག་པའི་ཐོག་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་ཁྲི་གསུམ་བརྒལ་བར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་ཆོས་གྲྭ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་ཁང་གསར་པའི་གསུང་ཆོས་ར་བའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་བདེ་བར་འཁོད་མཚམས་བཀའ་སློབ་སྩལ་དོན། ཡེར་པ་ཀླུ་འབུམ་དགོན་ལ་ཡུན་རིང་པོ་གསུང་ཆོས་གནང་རྒྱུ་དང་དེའི་སྐབས་རྔོག་གིས་ཇོ་བོ་རྗེ་ལ་འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་ཁོང་ཉིད་དུས་རྟག་ཏུ་སྨད་ས་བཟུང་ནས་བཞུགས་ཀྱི་ཡོད་པ་རེད། དེ་རིང་ཁོང་གི་སྐུའི་ཕྲེང་བ་རིམ་བྱོན་གྱི་རྣམ་ཐར་དང་འབྲེལ་ནས་གསང་བ་བསམ་གྱི་མི་ཁྱབ་པའི་གནས་ཚུལ་དེ་འདྲ་གསུང་རོགས་གནང་། ཞེས་ཞུས་ཡོད། ཇོ་བོ་རྗེས་འགྲིག་གི་རེད་གསུངས་པ་རེད། འབྲོམ་སྟོན་པས་ང་འཁོར་བར་འཁོར་ཚུལ་དེ་འདྲ་གསུང་ན་དགོས་པ་གང་ཡང་མེད། ཅེས་སྐབས་དེར་དགག་པ་སྐྱོན་པ་རེད། སྐབས་དེར་རྔོག་གིས་དབུ་ཞྭ་མར་ཕུད་ནས་ངོས་རང་མགོ་དཀར་པོ་འདི་འདྲ་ཆགས་ནས་བསྡད་ཡོད། ངོས་ཀྱིས་ཁྱེད་རང་ལ་ཁྱེད་ཀྱི་རྣམ་ཐར་གསུང་རོགས་བྱེད་ཅེས་ཟེར་གྱི་མེད། ཇོ་བོ་རྗེར་ཞུ་གི་ཡོད། དེར་བར་ཆད་མ་བྱེད་རོགས་བྱེད། ཅེས་གསུངས་པ་རེད། དེ་ནས་འབྲོམ་སྟོན་པས་གང་ཡང་གསུང་མེད། རྔོག་བསླབ་པ་བགྲེས་པ་དང་རབ་བྱུང་ཡིན་པར་བརྟེན་ཇོ་བོ་རྗེས་ཀྱིས་གསུངས་ཡོད། འདི་ལྟར་བྱས་ཏེ་བཀའ་གདམས་གླེག་བམ་ཞེས་པ་འདི་བྱུང་བ་ཞིག་རེད། དེ་ལྟ་བུའི་དུས་ཚོད་ལ་རིམ་བཞིན་འབྲོམ་སྟོན་པ་རང་ཉིད་ཞེ་ས་མ་ཞུས་ན་ཉམས་འུར་གནང་། ཇོ་བོ་རྗེ་ཡང་ཉམས་འུར་གནང་། དག་པའི་སྣང་བ་བསམ་གྱི་མི་ཁྱབ་པ་དེ་འདྲ་སྐུའི་བཀོད་པ་འདྲ་མིན་ཤར་ཡོད། དེའི་ཚེ་དེའི་དུས་བྱུང་བའི་ཇོ་བོ་རྗེའི་ཐིག་ལེ་བཅུ་དྲུག་གི་ལྷག་པའི་ལྷ་ཚོགས་དེ་འདྲ་ཡོད་པ་ཞིག་སྒྲུབ་ཐབས་ཤིག་གསུངས་པ་རེད། ཇོ་བོ་རྗེ་ནས་བཟུང་མི་ཐོག་ཁ་ཤས་རིང་ལྐོག་ཆོས་བྱས་ཏེ་གསང་བ་ཤིན་ཏུ་དམ་པོ་བྱས་ཏེ་གནས་པ་རེད། དེ་ནས་རིམ་བཞིན་ཆོས་འཁོར་དེའི་སྐབས་བབ་དེ། སྒྲུབ་པ་སྙིང་པོ་ལེན་པའི་ཕུ་ཆུང་བ། ཞེས་གསུངས་པ་ལྟར། སྒྲུབ་པ་སྙིང་པོར་མཛད་ནས་བཞུགས་མཁན་ཞིག་ཡིན་པ་རེད། ཁོང་ལ་མར་བཀའ་བབ་བྱས་ནས་བརྒྱུད་པ་གཅིག་ཡོད།
དག་སྣང་གི་ཕྱོགས་དེ་དག་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་བཞེངས་ནས་གསུངས་པ་དེ་འདྲ་མིན་པར། གང་ལྟར་དག་སྣང་ཐོག་ཕེབས་པར་བརྟེན་བཅོམ་ལྡན་འདས་མྱ་ངན་ལས་འདས་ཟིན་པའི་འོག་ལ་ཡིན་ནའང་རྡོ་རྗེ་འཆང་གི་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་ཤར་ནས་ཡོང་བ་དེ་དག་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་མང་ཆེ་བ་དག་སྣང་ལྟ་བུ་རེད་འདུག དག་སྣང་ཟེར་བ་དེ་རྒྱ་གར་ལ་མ་གཏོགས་ཡོང་མ་ཆོག་པ་མིན། གནས་བརྟན་གྱི་སྐྱེ་བུ་ས་ལམ་གྱི་རྟོགས་པ་ཚད་བསླེབས་མཁན་ཞིག་ལ་དག་སྣང་གང་དུའང་ཡོང་ཆོག་རྒྱུ་རེད། ཁ་སང་ངོས་ཀྱིས་ཞུས་པ་ཡིན། ཐེ་ལེན་ཌིའི་གནས་བརྟན་ཆེན་པོ་གཅིག་ལ་དག་སྣང་བྱུང་བ་དེ་ལྟ་བུ་རེད། དཔེར་ན། དགེ་ལྡན་ངོས་ལ་ཆ་བཞག་ནའང་འཇམ་དབྱངས་ཆོས་འཁོར་དེ་དག་སྣང་གི་ཆོས་འཁོར་ཆགས་ཡོད། ༸གོང་ས་ལྔ་པ་ཆེན་པོའི་གསང་བ་རྒྱ་ཅན་གྱི་ཆོས་འཁོར་དེ་དག་དག་སྣང་ཤ་སྟག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
གཞན་ཡང་དག་སྣང་དེ་ཉིད་བྱ་བརྒྱུད་ཀྱི་ཁོངས་སུ་གཏོགས་པ་མ་ཟད། བཀའ་དབང་འདི་ཉིད་བརྙན་འཕྲིན་བརྒྱུད་ནས་ཞུ་ན་ཐོབ་མིན་སྐོར་༸གོང་ས་མཆོག་ལ་བཀའ་འདྲི་ཞུས་པར་བཀའ་ལན་དུ། དེ་རིང་འདིར་སྐྱ་སེར་མང་པོ་ཞིག་ལ་ཞུ་བཞིན་ཡོད། ཁ་སེང་ངོས་ལ་ལུང་པ་གཞན་ཁག་ནས་བརྙན་འཕྲིན་བརྒྱུད་ནས་མོས་པ་བྱེད་ན་དབང་ཐོབ་ཀྱི་རེད་དམ། ཞེས་སྐད་ཆ་འདྲི་མཁན་བྱུང་། གཙོ་བོ་སོ་སོ་མོས་པ་དང་དད་པ་དམ་ཚིག་ཡག་པོ་ཞིག་དང་། ཁ་ཐུག་ཁ་ཐུག་གི་བསམ་བློ་ཡག་པོ་ཞིག་བཏང་ན། ངས་རིགས་འགྲེ་འདི་བཏང་བ་ཡིན། ཞེས་སོགས་ཀྱི་བཀའ་ལན་སྩལ། དེ་རྗེས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་འདི་ཉིད་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ཕྱོགས་བསྒྲིགས་མཛད་པའི་ཆོ་གའི་སྟེང་ནས་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་གི་དྲུང་ནས་མགོན་པོ་གང་ཉིད་མཆོག་གིས་གསན་བཞེས་མཛད་ཚུལ་སོགས་བཀའ་སློབ་སྩལ་བ་དང་སྦྲགས། འགྲོ་བ་མིའི་རྣམ་དཔྱོད་ཀྱི་རང་བཞིན་དེ་ཕན་པའི་ཕྱོགས་ལ་བེད་སྤྱོད་གཏོང་དགོས་པའི་བཀའ་སློབ་ཕེབས་དོན། སྒོ་ལྔའི་ཤེས་པའི་ཐོག་ནས་བཤད་ན་མི་དེ་དུད་འགྲོ་ལས་ལྷག་པ་ཡོད་པ་ལྟ་བུ་རེད། མི་ལ་གཞན་དང་མི་འདྲ་བའི་བསམ་བློ་གཏང་རྒྱུའི་ནུས་པ་ཡོད། བསམ་བློ་གང་རྒྱུ་ཡོད་པ་ཙམ་གྱི་ཧ་ལས་རྒྱུ་མེད། འཛམ་གླིང་འདིའི་སྟེང་རྙོག་གྲ་མང་ཤོས་དེ་མིས་བཟོས་ཀྱི་ཡོད། གླང་ཆེན་དང་སྟག འདམ་སེང་སོགས་ཀྱི་བཟོས་ཀྱི་མེད། མིས་གང་སར་རྙོག་གྲ་བཟོ་བཞིན་ཡོད། དེར་བརྟེན་མིའི་རྣམ་དཔྱོད་དེ་ཕན་པའི་རང་བཞིན་ལ་མི་གཏོང་བར་གནོད་པའི་རང་བཞིན་ལ་འགྲོ་བཞིན་པ་དེ་ཧ་ཅང་ཐབས་སྐྱོ་པོ་རེད་འདུག ང་ཚོར་ཆོས་ཆོས་ཟེར་ནས། དེ་ལྟ་བུའི་རྣམ་དཔྱོད་ཀྱི་བློ་ཡོད་པ་དེ་གནོད་པའི་རང་བཞིན་དུ་མ་གཏང་བར་ཕན་པའི་རང་བཞིན་ལ་འགྱུར་ཐུབ་པ་བྱེད་ན་བློ་བཅོས་པ་ཟེར་བ་དེ་རེད། མི་ལ་ཕན་པ་དང་སོ་སོ་ཡིན་ནའང་མི་ལ་ཕན་པའི་བྱ་བ་བྱས་ཏེ་མི་ཚེ་ཡ་རབས་ཤིག་གི་ཐོག་སྐྱེལ་ན་འཆི་ཁར་ཡང་སྐྱིད་པ་ཡོང་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད། དེ་བཞིན་༸གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་སེམས་བསྐྱེད་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོགས་ཆོག་མཛད་དེ་བུམ་དབང་གི་སྒོ་ནས་དབང་སྩལ་ཡོད།།