ཟླ་བ་ ༡༢ ཚེས ༡༠ ༢༠༡༥

༢༠༡༥ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཕུར་བུ།

DSC_2042༄༅། དེ་རིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདགབོད་མི་ཡོངས་ཀྱི་མགོན་སྐྱབས།བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཉེར་དྲུག་འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུ་བའི་ཉིན་མོར་བཀའ་ཤག་གིས་མགོན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་བཏང་སྟེ་གཞིས་བྱེས་བོད་མི་ཡོངས་དང༌། འཛམ་གླིང་གང་སར་གནས་པའི་བོད་ཀྱི་གྲོགས་པོ་ཀུན་ལ་དགའ་སེམས་འཁོལ་བའི་ངང་ནས་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེན་མཐའ་གསལ་ཐབས་སུ་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་པ་དང༌། ཆོས་ལུགས་མཐུན་སྒྲིལ། ཡ་རབས་བཟང་སྤྱོད། རང་བྱུང་ཁོར་ཡུག་སྲུང་སྐྱོབ་སོགས་ལ་སྨན་པའི་མཛད་བཟང་བསྐྱངས་པར་ངོས་འཛིན་ཞུས་ཏེ་ཕྱི་ལོ་ ༡༩༨༩ ལོར་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེ་ལ་བརྟེན་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་རིན་ཐང་དང་ཆེ་མཐོང་སྔར་ལྷག་གོང་མཐོར་སོང་ཡོད། མགོན་པོ་མཆོག་གིས་འཇིག་རྟེན་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་དང༌། རང་དབང༌། ཞི་བདེ་བཅས་འབྱུང་ཐབས་སུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་དེ་རྒྱལ་ཁབ་དུ་མར་ཞབས་ཀྱིས་བཅགས་ཏེ་སྐྱེ་བོ་ས་ཡ་མང་པོར་བྱམས་སྙིང་རྗེ་དང༌། བཟོད་བསྲན། འཚེ་བ་མེད་པ། ཞི་བདེ།ཀུན་ཁྱབ་སེམས་ཁུར་བཅས་སྐོར་རྟག་ཏུ་ལམ་སྟོན་བཀའ་སློབ་བསྩལ་དང་སྩོལ་བཞིན་པར་ཡིད་སྨོན་སྐྱེས་ཏེ་གྲགས་ཅན་གྱི་གཙུག་ལག་སློབ་གཉེར་ཁང་དང༌། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྒྲིག་འཛུགས་ཁག་ནས་གུས་བཀུར་ཆེ་བསྟོད་ཀྱི་གཟེངས་རྟགས་ ༡༥༢ འབུལ་གནང་མཛད་ཡོད། ལྷག་པར་མགོན་པོ་མཆོག་གིས་སྐྱེ་འགྲོ་ཀུན་ལ་སྨན་པའི་དགོངས་གཞི་གཏིང་ཟབ་དང་བཀའ་སློབ་རྣམས་ཕྱག་དེབ་གྲངས་ ༡༡༡ པར་བསྐྲུན་ཕབ་བསྒྱུར་གྱིས་གང་སརཁྱབ་བཞིན་པ་སོགས་ཀྱི་མཛད་འཕྲིན་ལ་རང་ཅག་གངས་ཅན་པ་རྣམས་དགའ་སྤོབས་བྱ་འོས་པ་ཞིག་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཤིག་ཡིན། འདིས་བོད་རྒྱ་མི་རིགས་གཉིས་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་སྨན་པར་བརྟེན་རྒྱལ་སྤྱིའི་སྲིད་གཞུང་ཁག་དང༌། ཤེས་ཡོན་ཅན།རྒྱ་རིགས་རྩོམ་པ་པོ།མཁས་པ་བཅས་ཕྱོགས་མང་པོ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གང་མང་བྱུང་ཡོད།ཨ་རིའི་ཕོ་བྲང་དཀར་པོ་ནས་དབུ་མའི་ལམ་གྱི་མཛད་བྱུས་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་གསལ་བསྒྲགས་ཀྱང་སྤེལ་ཡོད། འདི་ལོའི་ནང་སྲིད་འཛིན་ཨཱོ་སྦ་མ་མཆོག་གིས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་མཇལ་འཕྲད་གནང་སྐབས་ཁོང་གིས་བོད་དོན་དཀའ་རྙོག་སེལ་ཐབས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་འབྲེལ་མོལ་གནང་དགོས་པའི་ནན་བསྐུལ་གནང་ཡོད། ཁོང་གིས་གསུང་བཤད་དེ་འདྲ་གནང་བར་བཀའ་ཤག་གིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུ་དང་རྗེས་སུ་ཡི་རང་ཞུ་གི་ཡོད།

དེ་བཞིན་ཨ་རི་གྲོས་ཚོགས་ཀྱི་དབུ་འཁྲིད་ལྕམ་ནན་སི་སྤེ་ལོ་སི་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་བོད་དུ་གཟིགས་སྐོར་ཕེབས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་འཚབ་ཡོད་གསུངས་པ་དང་ཆབས་ཅིག་རྒྱ་ནག་གཞུང་ནས་འབྲེལ་མོལ་གནང་དགོས་པའི་བསྐུལ་མ་གནང་ཡོད། དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་དབུ་འཁྲིད་ལྕམ་ནན་སི་སྤེ་ལོ་སི་མཆོག་གིས་ ”བོད་མིའི་ཆོས་དད་དང་སྨྲ་བརྗོད་ཀྱི་རང་དབང༌། ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ། ཕྱི་འབྲེལ་མི་སྣ་དང་ལྟ་སྐོར་བ་ཕེབས་ཕྱོགས་ཐད་ཐུགས་འཚབ་ཡོད་ཅེས་”དང༌། ཁོང་གིས་མུ་མཐུད་”ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་རྒྱ་ཆེའི་མི་མང་དང་གྲོས་ཚོགས་ནས་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་རྒྱ་ནག་གཞུང་གི་མི་སྣར་གསལ་པོ་བཤད་ཡོད་”ཅེས་གསུངས་ཡོད། དེ་མཚུངས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇཱིམ་མེག་གྷ་ཝན་མཆོག་གིས་ཀྱང་ད་ལན་གྱི་གཟིགས་སྐོར་སྐབས་རྒྱ་རིགས་ལས་བྱེད་མཉམ་དུ་བསམ་ཚུལ་བརྗེ་ལེན་ཤུགས་ཆེ་བྱུང་སྐབས་ཁོང་གིས་ ”ཏཱ་ལའི་བླ་མ་ནི་བོད་རྒྱའི་དཀའ་རྙོག་འགྲིག་འཇགས་ཡོང་བའི་ཐབས་ལམ་ཡིན།རྒྱ་ནག་གཞུང་གིས་བོད་ནང་འགྲོ་གྲོན་བཏང་ཡོད་ནའང༌། མི་རིགས་ཤིག་གི་ངོ་བོ་མཚོན་པའི་རྩ་ཆེའི་རིག་གཞུང་དང་སྲོལ་རྒྱུན་རྣམས་འགྲེམས་སྟོན་ཁང་ལྟ་བུ་ཞིག་ཏུ་དམ་བཅིངས་ཐུབ་ཀྱི་མ་རེད།”ཅེས་སོགས་གསུངས་ཡོད།

དེ་དང་ཕྱོགས་མཚུངས་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་རྒྱ་ནག་དང་བོད་ནང་གཟིགས་སྐོར་ཕེབས་པ་རྣམས་ཀྱིས་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་འཚབ་ཡོད་པ་དང་བོད་དོན་དཀའ་རྙོག་སེལ་ཐབས་སུ་འབྲེལ་མོལ་གནང་དགོས་གསུངས་ཡོད། བློན་ཆེན་གྱི་གོ་གནས་ཅན་འཇར་མན་སྐུ་ཞབས་ཀཱི་རིས་ཀྲོབ་མཆོག་གིས་རྒྱ་ནག་གཞུང་ནས་ཁོང་ཚོ་འཐུས་མི་རྣམས་ལ་བོད་ཀྱི་གནས་སྟངས་དངོས་བདེན་མིན་པ་མིག་བསྟན་གནང་བར་སྐྱོན་བརྗོད་གནང་ཡོད། བཀའ་ཤག་ནས་ཨ་རི་དང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མི་རྣམས་ཀྱིས་དབུ་མའི་ལམ་གཞིར་བཞག་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན།

ཉེ་དུས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང༌། ཐེ་ཝན་གྱི་འགོ་འཁྲིད་མཱ་ཡིན་ཇོའུ་རྣམ་གཉིས་སིང་སྒ་སྤུར་དུ་མཇལ་འཕྲད་གནང་བ་དེས་རྒྱ་ནག་དང་ཐའེ་ཝན་དབར་གྱི་གནད་དོན་ཇི་ཡོད་ཞི་བའི་སྒོ་ནས་སེལ་ཐུབ་པར་ཕན་པའི་བསམ་ཚུལ་འཛིན་གྱི་ཡོད།

གོང་དུ་ཨ་རི་གྲོས་ཚོགས་དང་ཡུ་རོབ་འཐུས་ཚབ་རྣམས་ཀྱིས་ཇི་ལྟར་གསུང་པ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་སེམས་འཚབ་སྐྱེ་གཞིའི་གནས་སུ་གྱུར་ཡོད། དེ་རིང་ནི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའང་ཡིན་པ་དང༌། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་ཏེ་མི་ལོ་ ༦༧ འཁོར་ཟིན་ནའང་བོད་མི་རྣམས་ནས་དགའ་སྟོན་བྱེད་རྒྱུ་གང་ཡང་མེད། རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་ནང་’བོད་ལ་ཕུལ་བྱུང་གི་དུས་རབས’་ཞེས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ནའང༌། དོན་དངོས་སུ་བོད་མི་རྣམས་ལ་དཔལ་འབྱོར་གྱི་ཁེ་ཕན་དང་གཞི་རྩའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་དབང་མེད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཆབ་སྲིད་ཀྱི་དམ་བསྒྲགས་དང༌། དཔལ་འབྱོར་ཟུར་འབུད། མི་རིགས་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་གཏོང་བཞིན་པ་བཅས་ཀྱི་བྱེད་བབ་ལ་འགྱུར་བ་ཕྱིན་མེད། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ཆོལ་ཁ་གསུམ་ནང་བོད་མི་དཔའ་བོ་དང་དཔའ་མོ་གྲངས་ ༡༤༢ ཀྱིས་སྐུ་ལུས་མེ་ལ་བསྲེགས་པ་དེ་དག་ནི་རྒྱ་ནག་གཞུང་གིས་བོད་མིའི་རང་དབང་ལ་བརྩི་མེད་དང་ཚབས་ཆཻའི་དྲག་གནོན་བྱས་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་མཚོན་གྱི་ཡོད། ཉེ་ཆར་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲན་ཆུང་གོའུ་ཡིས་བོད་རིགས་ལས་བྱེད་པ་ལྐོག་ཏུ་ཆོས་དད་བྱེད་མཁན་དང་”ཏཱ་ལའི་རུ་ཚོགས་”ཀྱི་རྗེས་འཇུག་པ་ངོ་རྟགས་བཟུང་སྟེ་ཚབས་ཆེའི་ཉེས་པ་གཏོང་དགོས་བཤད་ཡོད། ཡང་རྒྱ་ནག་གཞུང་འཛིན་མི་སྣ་ཀྲུའུ་ཝེ་ཆུན་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སྐོར་ཐག་གཅོད་བྱེད་དབང་རྒྱ་ནག་གཞུང་ལ་ཡོད་ཚུལ་ཧམ་བཤད་བྱས་ཡོད། འོན་ཀྱང་ཆོས་དང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་གིས་ཧམ་བཤད་བྱས་པར་རྒྱལ་སྤྱིའི་བློ་ལྡན་སུས་ཀྱང་ཆ་འཛིན་མི་བྱེད། ྋགོང་ས་མཆོག་གི་སྐུའི་ཡང་སྲིད་ནི་བོད་ཀྱི་ལོ་རྒྱུས་དང་ཆོས་ཕྱོགས་གང་ཐད་ནས་ྋགོང་ས་མཆོག་གང་ཉིད་ལས་གཞན་སུ་ལའང་ཐག་གཅོད་བྱེད་དབང་མེད།ྋགོང་ས་མཆོག་ལ་བོད་མིས་ཡིད་ཆེས་སྲ་བརྟན་ཡོད་པ་དེར་རྒྱ་ནག་གཞུང་གིས་དཔུང་སྟོབས་སྤྱད་པའམ་དངུལ་སྤྲད་དེ་འགྱུར་བ་རྩ་བ་ནས་གཏོང་ཐུབ་ཀྱི་མ་རེད།

དེ་རིང་ང་ཚོས་རྒྱ་ནག་གིས་དྲག་གནོན་འོག་མུ་མཐུད་དཀའ་སྡུག་མྱོང་བཞིན་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གིས་གཙོས་བྱ་བྲལ་རིན་པོ་ཆེ་དང༌། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་འཛིན་བཟུང་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བཙོན་པ་སྟོང་ཕྲག་འགའ་ཤས་ཡོད་པ་རྣམས་གློད་གྲོལ་ཐོབ་པའི་སླད་དུ་རྒྱལ་སྤྱིའི་སྲིད་གཞུང་དང༌། གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་བཅས་ཀྱིས་རྒྱ་ནག་གཞུང་ལ་སྔར་ལྷག་གནོན་ཤུགས་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་དང༌། རྒྱ་རིགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པོ་ཡང་བཙོན་གྲོལ་ཡོང་བའི་འབོད་བསྐུལ་བྱེད་རྒྱུ་ཡིན།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ཤིན་ཏུ་འགངས་ཆེའི་བྱ་བ་ཞིག་ཡིན་ཞིང༌། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུའི་དུས་སྐབས་དང་བསྟུན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་དགོས་དོན་ཇི་ཡིན་ངོ་སྤྲོད་མཛད་ཡོད། དེ་ཡང་མགོན་པོ་མཆོག་གིས་ ”ང་ཚོ་སྡོད་ཁང་སའི་གོ་ལ་འདི་ལས་མེད།འདིའི་ཡང་ཐོག་ལ་བོད་ཆགས་ཡོད། འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་དེ་ཡང་སྣེ་མོ་གཉིས་ལྟར་གལ་གནད་ཆེན་པོ་ཡིན་པས་གོ་ལ་ཁྱོན་ཡོངས་ཀྱི་ཁོར་ཡུག་གནས་སྟངས་རྒྱུན་གནས་ཐུབ་པ་ཞིག་ཡོང་སླད་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་”ཞེས་རྒྱལ་སྤྱིའི་འགོ་འཁྲིད་ཀུན་ལ་རེ་བསྐུལ་གྱི་བཀའ་སློབ་བསྩལ་ཡོད།བོད་ནང་ཤིང་ནགས་འབྲེག་གཅོད་དང༌། གཏེར་ཁ་བསྔོགས་འདོན། ཚན་རིག་དང་མི་མཐུན་པའི་ཆུ་རགས་བརྒྱབ་པ། འཁྱག་རོམ་བཞུ་ཚད་ཇེ་མགྱོགས་སོང་བ་བཅས་ལ་བརྟེན་ནས་ཁོར་ཡུག་ལ་གནོད་སྐྱོན་བྱུང་ཡོད། ལྷག་པར་ཨེ་ཤེ་ཡ་གླིང་ཆེན་གྱི་ཁོར་ཡུག་ལ་གནོད་འཚེ་འབྱུང་བཞིན་པ་ཡིན། ཕཱ་རན་སིར་གོ་ལ་གནམ་གཤིས་འགྱུར་ལྡོག་གྱི་ལྷན་ཚོགས་ COP 21ཚོགས་པའི་སྐབས་ང་ཚོའི་ཁོར་ཡུག་གི་འཐུས་མི་རྣམས་ཀྱིས་ཚོགས་འདུར་ཕེབས་པའི་ཚོགས་པ་ཁག་དང་མཉམ་དུ་བསམ་ཚུལ་བརྗེ་ལེན་བྱེད་རྒྱུས་མཚོན་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད། རྒྱ་ནག་གཞུང་གིས་གོ་ལའི་ཚ་དྲོད་རྐྱེན་གྱིས་གནམ་གཤིས་འགྱུར་ལྡོག་ཁས་ལེན་བྱེད་པ་དེ་བཞིན་དུ་བོད་ཀྱི་ཁོར་ཡུག་གནས་སྟངས་ཇེ་སྡུག་ཏུ་མི་འགྲོ་བའི་ཐབས་ལམ་འདོན་རྒྱུའི་འགན་འཁུར་ཡང་ཡོད་པ་ནན་བརྗོད་བྱེད་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རང་ཅག་ལ་མང་གཙོ་གསོལ་རས་བསྩལ་ཡོད་པ་དང༌། ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་ཀྱི་དབང་ཆ་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་བསྩལ་བ་ལྟར་འདི་ལོའི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་ལས་དོན་དེ་གལ་གནད་ཇེ་ཆེར་གྱུར་ཡོད། བཙན་བྱོལ་བོད་མི་རྣམས་ནས་མང་གཙོའི་བརྒྱུད་རིམ་གྱི་གོ་རྟོགས་ཇེ་ཆེར་འཕེལ་སྟེ་འོས་བསྡུའི་སྐབས་དོ་སྣང་ཆེན་པོས་མཉམ་ཞུགས་གནང་ཡོད། གཞི་རྩའི་གཏམ་བརྗོད་ཀྱི་རང་དབང་ནི་མང་གཙོའི་ཐོབ་ཐང་ཞིག་ཡིན་པ་དང་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ནི་དེའི་ལག་ཆ་ལྟ་བུ་ཡིན་ནའང༌། དེ་དག་བེད་སྤྱོད་ལོག་པར་མ་སོང་བའི་འགན་འཁུར་དགོས་པ་ཡིན། དམིགས་བསལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་བརྩི་བཀུར་ཞུ་རྒྱུའི་ཚབ་ཏུ་རྫུན་གཏམ་ཧམ་བཤད་བྱས་པ་ལ་བཀའ་ཤག་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། སྲིད་སྐྱོང་དང་སྤྱི་འཐུས་ལ་བཞེངས་མཁན་སྐྱེ་བོ་སུ་ཡིན་མིན་ལ་མ་ལྟོས་པར་ཁུངས་མེད་ཀྱི་སྐྱོན་འཛུགས་བྱེད་པ་དེས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྒྲིག་འཛུགས་ཀྱི་མཚན་མཐོང་ལ་གནོད་རྒྱུ་ལས་ཕན་ཆ་གང་ཡང་མེད། ཉེ་ཆར་དྲ་ལམ་ཁག་ཏུ་གཞི་མེད་སྐྱོན་འཛུགས་ཀྱི་འཆལ་གཏམ་མང་དག་ཅིག་སྤེལ་བ་དེས་མང་ཚོགས་ཡིད་རྨོངས་སུ་བཅུག་ཡོད་པ་མ་ཟད། བོད་མིའི་རྩ་དོན་དང་ཆིག་སྒྲིལ་ལ་འཕྲལ་ཕུགས་རྒྱང་གསུམ་ནས་ཁེ་ཕན་གང་ཡང་བྱུང་རྒྱུ་མེད་ན་ཚང་མས་ཡིད་གཟབ་དང་འགན་འཁུར་གནང་རྒྱུ་གལ་ཆེ།

ཚང་མའི་དགོངས་མངའ་ལྟར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་ ༦༠ ལྷག་གི་རིང་བོད་དང་བོད་མིའི་བདེ་དོན་ཁོ་ནའི་ཆེད་སྐུ་ལས་སྐྱོན་ཏེ་རྒྱ་བོད་མི་རིགས་མཉམ་གནས་དང༌། ལྷག་པར་གཞིས་བཞུགས་བོད་མིའི་ཛ་དྲག་གི་དཀའ་སྡུག་དང༌། བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་མི་འགྲོ་བའི་ཐུགས་ཁུར་ལྷུར་བཞེས་མཛད་པ་བཅས་ཀྱི་བཀྲིན་ནི་བོད་ཀྱི་ལོ་རྒྱུས་སུ་གསེར་གྱི་ཡིག་གེར་བཀོད་དེ་བོད་ཀྱི་མི་རབས་རྒན་པས་གཞོན་པར་བརྒྱུད་སྤྲོད་ཀྱིས་གཏན་ནས་མ་བརྗེད་པར་གནས་དགོས་པ་ཞིག་ཡིན། མགོན་པོ་མཆོག་གི་བཀྲིན་སྙིང་དབུས་སུ་བཅངས་པའི་སྒོ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ ༢༠༡༤ ལོར་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུས་པ་དང༌།༢༠༡༥ ལོར་གཞུང་མང་གཉིས་ནས་མགོན་པོ་མཆོག་དགུུང་གྲངས་བརྒྱད་བཅུ་ཐམ་པར་ཕེབས་པའི་བཀྲིན་རྗེས་དྲན་གྱི་ལོ་ཚིགས་སྲུང་བརྩི་ཞུ་བཞིན་པའིསྐབས་འདིར་སྐྱེ་བོ་རེ་ཟུང་གིས་བཀའ་དྲིན་བསམ་ཤེས་མེད་པར་མགོན་པོ་མཆོག་ལ་རྒྱལ་ཚོང་བ་ཡིན་པའི་སྨྱོ་གཏམ་དང༌། ཟུར་ཟ་སོགས་འཆལ་གཏམ་སྣ་ཚོགས་སྤེལ་བཞིན་ཡོད་པ་ནི་འགྲོ་བ་མིའི་བཟང་སྤྱོད་དང་ཡོངས་སུ་འགལ་བའི་ངོ་ཚ་དགོས་པའི་གནས་ཤིག་ཡིན།

དེ་བཞིན་དོལ་རྒྱལ་རྗེས་འབྲངས་པ་ཚོས་རྒྱ་ནག་གཞུང་དང་ངན་པ་ལག་སྦྲེལ་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་ངོ་རྒོལ་བྱཻད་པ་ཀུན་གྱི་མཐོང་ཐོས་བྱུང་ཡོད། ཕྱིའི་ཡུལ་ཁག་ཏུ་འཚར་ལོངས་བྱུང་བའི་ན་གཞོན་འགའ་རེས་དོལ་རྒྱལ་ཕྱོགས་གཏོགས་པས་ཆོས་དད་རང་དབང་རྩོད་པ་བདེན་པ་མིན་ནམ་སྙམ་པ་བློར་འཆར་སྲིད། དོན་དངོས་གནས་སྟངས་ནི་དོལ་རྒྱལ་རྗེས་འབྲངས་པ་ཚོས་བོད་མིའི་གཞིས་ཆགས་ནང་དགོན་པ་བརྒྱབ་སྟེ་དོལ་རྒྱལ་བསྟེན་རྒྱུར་རང་དབངབྱུང་ཡོད་པ་དང༌།བོད་མིའི་སྒྲིག་འཛུགས་ནས་ཁོང་ཚོར་བོད་མི་ཀུན་ལ་ཐོབ་པའི་ཤེས་ཡོན་དང༌། འཕྲོད་བསྟེན། འགྲུལ་བསྐྱོད་སོགས་ཀྱི་མཐུན་རྐྱེན་སྦྱར་དང་སྦྱོར་བཞིན་པ་ཡིན། དེར་བརྟེན་རང་རེ་མི་ཐོག་རྒན་པ་ཚོས་རང་གི་བུ་ཕྲུག་བརྒྱུད་འཛར་ལ་དོལ་རྒྱལ་གྱི་གནད་དོན་ངོ་མ་ཇི་ཡིན་ངོ་སྤྲོད་འགྲེལ་བཤད་དང་སློབ་གསོ་གནང་དགོས་པ་གལ་ཆེ་ཡིན།

རྒྱ་གར་དབུས་དང་མངའ་སྡེའི་གཞུང་དང༌། མི་མང་ནས་བོད་མིར་ཕན་གྲོགས་གནང་བའི་བཀའ་དྲིན་ནི་ནམ་ཡང་བརྗེད་ཐབས་མེད་པས་ད་ལན་དུས་ཆེན་འདིའི་གོ་སྐབས་བཟུང་སྟེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང༌། བོད་མིའི་སྒྲིག་འཛུགས་གནས་སའི་ཧི་མ་ཅལ་མངའ་གཞུང་ལ་ཡང་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུ་མཁན་གྲས་སུ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་བར་དགའ་སྤྲོ་ཆེ། དེ་བཞིན་བོད་མིའི་བདེན་དོན་འཐབ་རྩོད་ལ་ཤ་ཚ་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་དང༌། འགོ་འཁྲིད།གྲོས་ཚོགས་དང་གྲོས་ཚོགས་ཀྱི་འཐུས་མི། ཚོགས་པ་སྒྲིག་འཛུགས། མི་སྒེར་བཅས་ཡོངས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞི་བདེ་འབྱུང་བ། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ལ།། །།

Share with your friends










Submit