ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་། མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་གནང་འདུག
གཟིགས་སྐོར་ནས་ཕྱིར་ཨ་རིར་ཕེབས་རྗེས་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གིས་གསུང་དོན། ང་ཚོ་སྐུ་ཚབ་འཐུས་མི་རྣམ་པས་བོད་ཀྱི་རྒྱལ་ས་ལྷ་སར་ཕྱིན་ནས་མཐོ་སྒང་བོད་མི་ཚོའི་སྤྱི་ཡོངས་ཀྱི་འཚོ་བའི་གནས་སྟངས་ཇི་ཡིན་རྒྱུས་མངའ་ལོན་ཆེད་དངོས་སུ་བོད་མི་ཚོ་དང་ཐུག་ནས་སྐད་ཆ་བཤད་པ་དང་། ཁོང་ཚོའི་གནས་ལུགས་རྣམས་ཉན་ནས་བསམ་གཞིགས་བྱ་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་།
དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་པས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༥ ནས་དབུ་འཛུགས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་། ཧོང་ཀོང་། བོད་ཀྱི་རྒྱལ་ས་ལྷ་ས་བཅས་ལ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་དང་། ཕྱི་ཚེས་ ༩ ནས་ ༡༡ བར་ཉིན་གྲངས་གསུམ་རིང་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་དུ་ཕེབས་ཏེ་བོད་རང་སྐྱོང་ལྗོང་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཁྲིན་ཆོན་གོ་ Chen Quanguo དང་། དེ་བཞིན་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ Baima Chilin ལྷ་ས་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Qi Zhala བཅས་དང་ཐུགས་འཕྲད་གནང་ནས་བོད་ཀྱི་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་རང་དབང་སོགས་ཀྱི་གནས་སྟངས་ཐད་ཁོ་པ་ཚོ་དང་ལྷན་གླེང་སློང་གནང་ཡོད་སྐོར་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་པི་ལོ་སི་མཆོག་གིས་གསུང་འདུག
དེ་ཡང་ལྕམ་སྐུ་མཆོག་གིས་གསུང་དོན། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ངོ་རྒོལ་རྔམས་སྟོན་དང་ཟིང་འཁྲུག་ཆེན་མོ་བྱུང་བ་ནས་བཟུང་། ད་བར་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་བོད་ནང་ཕེབས་པ་འདི་ཐེངས་དང་པོ་དེ་ཆགས་ཡོད། བོད་ཀྱིས་གཙོས་རྒྱ་ནག་ནང་དུ་འཛུགས་སྐྲུན་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་སེམས་ཚབས་བྱེད་བཞིན་ཡོད་པ་མ་ཟད། དེར་གདོང་ལེན་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་པའི་རྣམ་པ་མངོན་བྱུང་།
འོན་ཀྱང་ང་ཚོས་རྒྱ་ནག་གཞུང་ལ་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྨྲ་བརྗོད་ཀྱི་རང་དབང་སོགས་གཞི་རྩའི་ཐོབ་ཐང་ལ་བརྩི་སྲུང་དང་ལེན་བྱེད་དགོས་པ་མ་ཟད། ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་དང་མང་ཚོགས་དཀྱུས་མ་སོགས་བོད་ནང་དུ་དམ་བསྒྲགས་བཀག་འདོམས་གང་ཡང་མེད་པར་འགྲོ་བསྐྱོད་ཀྱི་རང་དབང་ཐད་ཨ་རིའི་གཞུང་ལ་སེམས་ཚབས་ཡོད་པ་གསལ་སྟོན་བྱས་པ་ཡིན། ཞེས་དང་། ཕྱོགས་མཚུངས་ལྕམ་སྐུ་མཆོག་གིས་བོད་ནང་གི་རྒྱ་ནག་དཔོན་རིགས་ཚོ་དང་ཐུག་འཕྲད་སྐབས། ཨ་རིའི་གྲོས་ཚོགས་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མང་གཙོ་དང་སྤྱི་མཐུན་ཚོགས་པ་བཅས་ཨ་རིའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་ཀས་ཁ་གཅིག་བསྒྲགས་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད་པ་མ་ཟད། ཨ་རིའི་མི་མང་ཚོས་ཀྱང་༸གོང་ས་མཆོག་ལ་དད་གུས་དང་དགའ་མོས་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད་སྐོར་གསལ་བཤད་གནང་འདུག
ཐེངས་འདིར་ཨ་རིའི་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྣམ་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནའ་བོའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུའི་ཐོ་གཞུང་ནང་མིང་འཁོད་ཟིན་པའི་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་དང་ཕོ་བྲང་པོ་ཏཱ་ལ་སོགས་ནང་གཟིགས་སྐོར་གནང་ཡོད་པ་མ་ཟད། སེར་འབྲས་དགའ་གསུམ་སོགས་ནང་ཕེབས་ནས་དགེ་འདུན་པ་རྣམས་དང་མཇལ་འཕྲད་གནང་ཡོད་པ་བཅས། །