ཟླ་བ་ ༩ ཚེས ༢ ༢༠༡༥

༢༠༡༥ ཟླ་ ༩ ཚེས་ ༢ རེས་གཟའ་ལྷག་པ།

sikyong༄༅།། དེ་རིང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་དུས་ཆེན་སྲུང་རྩི་ཞུ་བའི་སྐབས་འདིར་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་ལ་ངོས་ནས་བཀའ་ཤག་གི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས་གཞིས་བྱེས་བོད་མི་ཡོངས་དང་འཛམ་གླིང་གང་སར་གནས་པའི་བོད་ཀྱི་གྲོགས་པོ་རྣམས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་བོད་མིའི་མང་གཙོའི་ལམ་ལུགས་སྲོལ་གཏོད་མཛད་ནས་རིམ་བཞིན་ཡར་རྒྱས་གོང་འཕེལ་བྱུང་ཞིང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་འཛིན་སྐྱོང་ཞུ་སྒོ་མཐའ་དག་མང་གཙོའི་ལམ་སྲོལ་དང་ཡོངས་སུ་མཐུན་པའི་ཐོག་ནས་ཕྱག་ལེན་བསྟར་མུས་ཡིན་པ་རང་ཅག་ཁ་བ་གངས་ཅན་པ་ཀུན་གྱི་དགའ་སྤོབས་འོས་པའི་གནས་སུ་གྱུར་ཡོད། དེང་སྐྱེ་བོ་ཀུན་གྱིས་ཚད་མཐོའི་ངོས་འཛིན་བྱེད་ཡུལ་བོད་མིའི་མང་གཙོའི་ལམ་སྲོལ་འདི་ནི་མི་མང་གིས་འཐབ་རྩོད་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲལ་ཕུགས་ཀྱིས་བདེ་དོན་ལ་དགོངས་ཏེ་གསོལ་སྩལ་གནང་བ་ཞིག་ཡིན་པས་རང་ཅག་རྣམས་ནས་རྒྱུན་དུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་མཛད་འཕྲིན་རླབས་པོ་ཆེ་ཞིག་ཡིན། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མས་ ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༨ ཉིན་གཏན་ལ་ཕབ་པའི་གྲོས་ཆོད་ཨང་ ༢༠༠ པའི་ནང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་འཚེ་མེད་ཞི་བའི་ལྟ་གྲུབ་དང་། འགྲོ་བ་མིའི་ཐོབ་ཐང། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་ཡོང་ཐབས། ཁོར་ཡུག་སྲུང་སྐྱོབ། མང་གཙོའི་ལྟ་གྲུབ་བཅས་པ་དར་སྤེལ་ཡོང་ཐབས་སུ་ཆོད་སེམས་འགྱུར་མེད་ཀྱིས་གཟེངས་སུ་ཐོན་པའི་མཛད་རྗེས་འཇོག་གནང་མཛད་ཡོད། ཅེས་བསྔགས་བརྗོད་གནང་ཡོད།

དེ་ཡང་། མི་ལོ་ ༥༥ སྔོན་དེ་རིང་གི་ཉིན་མོ་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་སེར་སྐྱ་མང་ཚོགས་འདུ་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བླང་དོར་ཞུ་བྱའི་གནའ་གན་མཐུ་མོ་ཆེ་ཕུལ་ནས་རིང་པོར་མ་ཐོགས་པར་མང་ཚོགས་ཀྱིས་འོས་འདེམས་འཐུས་མི་རྣམས་བསྐོ་གཞག་གནང་རྗེས། འཐུས་མི་དེ་དག་གིས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་གསར་མཇལ་དམ་འབུལ་གནང་བའི་ཉིན་མོ་དེ་ང་ཚོས་ལོ་ལྟར་མང་གཙོའི་དུས་ཆེན་གྱི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། དེ་ནས་ཕྱི་ལོ་ ༡༩༦༣ ལོར་བུད་མེད་ཀྱི་འཐུས་མི་དང་ཕྱི་ལོ་ ༡༩༧༧ ལོར་བོན་གྱི་ཆོས་འཐུས་རྣམ་པ་ཐོག་མར་འདེམས་འགོ་ཚུགས།

ཕྱི་ལོ་ ༡༩༦༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རྩ་་ཁྲིམས་གསལ་བསྒྲགས་བསྐྱངས་གནང་མཛད་པ་དེའི་ནང་མགོན་པོ་གང་ཉིད་ཀྱི་སྐུ་དབང་ཕྱིར་བསྡུ་གནང་རྒྱུའི་ཆ་རྐྱེན་གཙིགས་ཆེར་འཛིན་ཏེ་འཇོག་གནང་མཛད། དེ་མཚུངས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་འཐུས་མི་གྲངས་ཚད་མང་དུ་བཏང་བ་དང། མགོན་པོ་གང་ཉིད་ཀྱིས་བཀའ་བློན་འོས་དམིགས་མིང་འདོན་མཛད་པ་ལ་གྲོས་ཚོགས་ནས་འོས་འདེམས་བྱེད་རྒྱུའི་ལམ་སྲོལ་གསར་དུ་གཏོད། ཕྱི་ལོ་ ༡༩༩༢ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་ཀྱིས་མང་གཙོའི་ཀ་བ་གསུམ་གྱི་ཆ་ལག་ཡོངས་སུ་རྫོགས་པར་མཛད། གཞན་ཡང་བཅའ་ཁྲིམས་ལེའུ་བདུན་པའི་དགོངས་དོན་ལྟར་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་དང་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་མི་རྣམས་མི་མང་གིས་འོས་འདེམས་ཞུ་མུས་ཡིན།

དེ་བཞིན་ཕྱི་ལོ་ ༢༠༠༡ ལོར་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་རྒྱུའི་ལམ་སྲོལ་གསར་གཏོད་གནང་བ་དང་། དེ་ནས་ལོ་བཅུ་ཕྲག་གཅིག་གི་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་ལོ་རྒྱུས་རང་བཞིན་ཅན་གྱི་བཀའ་ལྕི་ཟློག་མེད་ཕེབས་པ་མ་ཟད། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་དམ་སྲིད་སྐྱོང་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་སྐབས། བོད་མིའི་མང་གཙོ་ཡང་དག་པ་ཞིག་ཡོང་ཐབས་བྱ་རྒྱུའི་རིང་ནས་སྙིང་དུ་བརྣག་པའི་འདོད་དོན་གྲུབ་ཐུབ་པ་བྱུང་སོང་ཞེས་སོགས་བཀའ་གསལ་ཕེབས་ཡོད། དེ་སྔའི་ལམ་སྲོལ་ལས་ཡོངས་སུ་འདས་པའི་ལོ་རྒྱུས་རང་བཞིན་ཅན་གྱི་སྒྱུར་བཅོས་འདི་དག་བསམ་བློའི་ནང་ཤོང་དཀའ་བ་ཞིག་ཡིན་པ་མ་ཟད། ཐོག་མའི་ཆར་རང་གཞན་རོགས་གསུམ་ཚང་མར་བློ་དྭོགས་ཤུགས་ཆེ་བྱུང་ཡོད་རུང་། ༧གོང་ས་༧སྐྱབས་མགོན་ཆེན་པོའི་གཟིགས་རྒྱང་རིང་པོའི་དགོངས་གཞི་དང་། རྒྱ་ཆེའི་མི་མང་གིས་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་བློ་གཏད་དང་རྒྱབ་སྐྱོར་གནང་བ་བཅས་ལ་བརྟེན་ནས་ད་བར་ལྷིང་འཇགས་པོའི་ངང་འགྲོ་བཞིན་ཡོད། བཙན་བྱོལ་ནང་ང་ཚོས་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ལག་བསྟར་བྱེད་བཞིན་པ་འདིས་ནང་ཆོས་དང་མང་གཙོའི་ལྟ་གྲུབ་གཉིས་མཉམ་གནས་ཐུབ་པ་གསལ་བཏོན་བྱས་ཡོད་ཅིང་། ནང་པའི་རྒྱལ་ཁབ་བྷར་མའི་ནང་འདི་ལོ་ཕྱི་ཟླ་ ༡༡ ཚེས་ ༨ དང་ཐའེ་ལྦན་ནང་ ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༦ ཉིན་བཅས་སོ་སོར་རྒྱལ་ཡོངས་འོས་བསྡུ་བྱ་འཆར་ཡོད་པ་དེ་ནི་མང་གཙོའི་ལམ་ལུགས་ལ་སྐྱེ་བོ་ཀུན་གྱིས་དགའ་མོས་ཡོད་པ་རྟོགས་ཐུབ། དེས་ན་མང་གཙོའི་ཁེ་དབང་ནི་རིག་གནས་དང་དཔལ་འབྱོར་དབུལ་ཕྱུག་གི་དབྱེ་བ་མེད་པར་ཀུན་ལ་ཁྱབ་པ་ཡིན།

རིང་མིན་མང་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་གནང་རྒྱུ་ཡིན་ཞིང་། སྔོན་འགྲོའི་འོས་བསྡུ་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༨ ཉིན་དང་། དངོས་གཞིའི་འོས་བསྡུ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་བཅས་སོ་སོར་གནང་གཏན་འཁེལ་ཡོད་སྟབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ནང་གསལ་འོས་ཆོས་ཚང་བའི་བོད་མི་ཀུན་གྱི་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་རྒྱུ་གལ་ཆེན་ཡིན་པ་མ་ཟད། བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་གཉན་འཕྲང་ཆེ་བ་དང་། བཙན་བྱོལ་བོད་མིའི་གནས་བབ། རང་ཅག་རྣམས་ཀྱི་བསྒྲུབ་བྱ་ཇི་ཡིན་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་ཞིབ་ཀྱིས་བོད་མིའི་མངོན་འདོད་བསྒྲུབ་པར་བྱེད་མཁན་འགོ་ཁྲིད་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་དང་འགན་འཁུར་གཉིས་ཀ་མི་མང་ལ་ཡོད། ཡང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་བཞུགས་མཁན་དང་རྒྱབ་སྐྱོར་གནང་མཁན་ཀུན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་ཁྱད་རྣམ་མ་དོར་བའི་སྒོ་ནས་གཏམ་བཤད་དང་བསྒྲགས་གཏམ་སོགས་གནང་དགོས་ཞེས་གལ་ཆེ་ནན་ཏན་གྱི་འབོད་བསྐུལ་ཞུ་རྒྱུ་ཡིན། ང་ཚོས་སྤྲོ་སྣང་ཆེན་པོའི་སྒོ་ནས་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་པ་འདིས། རྒྱ་ནག་གཞུང་གིས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་མི་རིགས་ཀྱི་རང་དབང་མང་གཙོའི་མངོན་འདོད་མཚོན་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཐུབ་པ་ཡོང་རྒྱུ་མ་ཟད། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ལའང་གདུང་སེམས་མཉམ་བསྐྱེད་དང་། སྙིང་སྟོབས་འཕེལ་གཞིར་ཡང་འགྱུར་རྒྱུ་ཡིན།

དགའ་འོས་པ་ཞིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་ལས་རིམ་ལ་དོ་སྣང་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༡༡ ལོའི་སྲིད་སྐྱོང་གི་འོས་བསྡུའི་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ནང་དྲིལ་བསྒྲགས་ཤུགས་ཆེ་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་བཞག་པའི་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཆོད་ཨང་ ༣༥༦ གིས་མཚོན་པའི་སྲིད་གཞུང་གི་བསྒྲགས་གཏམ་ཁག་གཅིག་གི་ནང་དུའང་འོས་བསྡུའི་སྐོར་འཁོད་ཡོད། དེ་མཚུངས་འབྱུང་ཉེའི་འོས་བསྡུའི་ཐད། ཨ་རིའི་གྲོས་ཚོགས་འོག་མས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༨ ཉིན་གྲོས་ཆོད་ཨང་ ༣༣༧ གཏན་འབེབས་གནང་ཡོད་པ་དེའི་ནང་ རིང་མིན་འགོ་འཛུགས་བྱ་རྒྱུའི་འོས་བསྡུ་ཆེན་མོའི་སྐབས་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྲིད་སྐྱོང་འོས་འདེམས་བྱེད་ཀྱི་ཡོད་སྟབས། འོས་བསྡུའི་ལས་རིམ་དེ་དག་ལ་ཨ་རིའི་སྲིད་གཞུང་གིས་ངོས་འཛིན་དང་། རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་དང་དོ་ཁུར་སླེབས་ཐབས་ཀྱི་འབད་བརྩོན་བྱ་དགོས། ཞེས་གསལ་ཡོད།

དེ་རིང་ནི་བཀའ་ཤག་སྐབས་བཅུ་བཞི་པའི་ལས་ཡུན་རིང་གི་མང་གཙོའི་དུས་ཆེན་ཐེངས་ལྔ་པ་དེ་ཡིན། དུས་ཡུན་ལོ་བཞིའི་རིང་མང་ཚོགས་ཁྲོད་མང་གཙོའི་ཉམས་མྱོང་དང་གོ་རྟོགས་བཟང་དུ་ཕྱིན་ཡོད་པ་དང་། དེ་བཞིན་མང་ཚོགས་ཀྱི་བགྲོ་གླེང་གི་ནང་དོན་དང་ཁ་ཕྱོགས་ཀྱང་བཟང་དུ་ཕྱིན་ཡོད། མ་འོངས་པར་ཡང་དེ་མཚུངས་མུ་མཐུད་ཡར་རྒྱས་གོང་འཕེལ་འགྲོ་རྒྱུ་ཡིན་པ་ང་ཚོས་གདེང་ཚོད་ལྡན་པའི་སྒོ་ནས་བརྗོད་ཐུབ། མང་གཙོའི་རིང་ལུགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་བོད་མིའི་འཐབ་རྩོད་མུ་མཐུད་གནས་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་བྱ་རྒྱུ་དང་པེ་ཅིང་ནས་ཆེས་མཐོའི་འགོ་འཁྲིད་ཚང་འཛོམས་བྱ་འཆར་གྱི་གནས་ཚུལ་ཐོན་འདུག་རུང་། བོད་ནང་གི་དངོས་ཡོད་གནས་སྟངས་ལ་བལྟས་ན་དེ་ལྟར་སྲུང་བརྩི་བྱ་དགོས་པའི་རྒྱུ་མཚན་གང་ཡང་མཐོང་རྒྱུ་མེད།

ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་གལ་གནད་ཆེ་ཤོས་ནི། བཙན་གནོན་འོག་མནར་གཅོད་མྱོང་བཞིན་པའི་གཞིས་བཞུགས་བོད་མིའི་དཀའ་སྡུག་སེལ་ཐབས་བྱེད་རྒྱུ་དེ་ཡིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་འདས་གྲོངས་ཕྱིན་པའི་གནད་དོན་དེས་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་མཁྲེགས་འཛིན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་སླར་ཡང་གསལ་བཏོན་བྱས་ཡོད། ཉེ་སྔོན་རུང་རྒྱས་ཨ་གྲགས་དང་ཆབ་སྲིད་བཙོན་པ་ཁ་ཤས་གློད་འགྲོལ་བཏང་ཡོད་རུང་། ད་དུང་ཡང་བོད་མི་དཔའ་བོ་དང་དཔའ་མོ་མང་པོ་རྒྱ་ནག་གི་བཙོན་ཁང་ནང་མནར་གཅོད་མྱོང་བཞིན་ཡོད། རང་ལུས་མེར་སྲེག་གནང་མཁན་བོད་མི་ ༡༤༢ བྱུང་བ་རྣམས་ཀྱི་འཆི་ཁའི་རེ་འདུན་དང་། གཞིས་བཞུགས་བོད་མིའི་མངོན་འདོད་ད་ལྟ་ཡང་འགྲུབ་རྒྱུ་ཡིན།

བོད་མིའི་མངོན་འདོད་བསྒྲུབ་ཐབས་སུ་བཀའ་ཤག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱེད་དང་བྱེད་མུས་ཡིན། ཞི་ཅིན་ཕིང་གིས་དབུ་འཁྲིད་པའི་རྒྱ་ནག་གཞུང་གིས་གྲོས་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པ་གོ་རྟོགས་རྙེད་པའི་རེ་བ་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་དེས་རང་རྒྱལ་གཞན་ཕམ་མ་ཡིན་པར་ཕྱོགས་གཉིས་ཀའི་ཁེ་ཕན་ལ་བརྩི་བཀུར་བྱེད་ཀྱི་ཡོད་སྟབས། རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད། ཉེ་སྔོན་ཕྱི་ཟླ་ ༥ པའི་ནང་པེ་ཅིང་དུ་ཡུ་རོབ་སྤྱི་མཐུན་གྱི་ཕྱི་སྲིད་དང་འབྲེལ་བའི་ཆེས་མཐོའི་སྐུ་ཚབ་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་བྱ་དགོས་པའི་རེ་འདོན་བཏོན་འདུག ཡང་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༩ ཉིན་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌོ་ནལ་ཊས་ཀྱིས་ཀྱང་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་སྐུ་ཚབ་མཉམ་འབྲེལ་མོལ་ཡང་བསྐྱར་འགོ་འཛུགས་བྱ་རྒྱུའི་རེ་སྐུལ་ཞུས་འདུག དེ་ཡང་སྦར་སིལ་དུ་རྒྱ་ནག་གི་སྲིད་བློན་ལི་ཁེ་ཅང་མཉམ་དུ་གསར་འགོད་ལྷན་ཚོགས་གནང་སྐབས་ཁོང་ནས། བོད་པ་དང་ཡུ་གུར་བ་གཙོས་རྒྱ་ནག་ནང་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ཐད་ང་ཚོའི་སེམས་ནང་གང་ཡོད་པ་རྣམས་འགྲེལ་བཤད་ཞུས་པ་ཡིན། གནད་དོན་འདི་ལ་འབྲེལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་མཉམ་དུ་རྒྱ་ནག་གཞུང་གིས་དོན་སྙིང་ལྡན་པའི་འབྲེལ་མོལ་ཡང་བསྐྱར་འགོ་འཛུགས་བྱ་དགོས་པའི་འབོད་སྐུལ་ཞུས་པ་ཡིན། ཞེས་གསུངས་ཡོད།

དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་འཛམ་གླིང་གང་སར་གནས་པའི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། མི་སྒེར་དང་སྒྲིག་འཛུགས་བཅས་ཀུན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་དོན་རྒྱ་གར་གཞུང་མང་གཉིས་ལ་དམིགས་བསལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། མཐའ་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༧ཞབས་པད་ཡུན་དུ་བརྟན་ཅིང་། ཐུགས་དགོངས་མ་ལུས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲགས་ཞུ་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ཉིན་སྤེལ།། །།

Share with your friends










Submit