ཟླ་བ་ ༧ ཚེས ༦ ༢༠༡༥

༢༠༡༥ ཟླ་ ༧ ཚེས་ ༦ རེས་གཟའ་ཟླ་བ།

sikyong༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་ཁ་བ་ཅན་གྱི་ལྷ་སྐལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་པ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག ཕྱི་ལུགས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་ྋསྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་འདིར། ངས་བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་པ་ཆེན་པོས་ལྷ་ཕྱག་གྲངས་མེད་དང་བཅས་ཏེ་བཀྲ་ཤིས་པའི་འཚམས་ཞུ་དང༌། གོ་སྐབས་འདི་བཟུང་སྟེ་ྋརྒྱལ་ཡབ་དམ་པ་ཆོས་སྐྱོང་ཚེ་རིང་དང༌། ྋརྒྱལ་ཡུམ་དམ་པ་བདེ་སྐྱིད་ཚེ་རིང་རྣམ་གཉིས་fལའང་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོ་འདི་ནི་གཞིས་བྱེས་བོད་མི་རྣམས་དང༌། ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་ཀུན་གྱིས་དགའ་གུས་ཆེན་པོའི་སྒོ་ནས་དུས་ཚིགས་གལ་ཆེན་ཞིག་ལ་སྲུང་བརྩི་ཞུ་བཞིན་ཡོད། ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བོད་ཀྱི་ལོ་རྒྱུས་ནང་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་སུ། མདོ་སྨད་ས་ཡི་ཐིག་ལེར་མཚན་དཔེའི་དཀྱིལ་འཁོར་རྣམ་པར་བཞད་ཅིང༌། དགུང་ལོ་ལྔར་ཕེབས་སྐབས་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས་པ་དང༌། རྒྱ་དམར་བཙན་འཛུལ་བའི་དབང་གིས་དུས་འགྱུར་མི་བཟད་པ་འབྱུང་ཉེའི་མཚམས་སུ་མགོན་པོ་གང་ཉིད་ལས་རེ་ལྟོས་བཅོལ་ཡུལ་གཞན་མ་མཆིས་སྟབས། གངས་ལྗོངས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་ཉིད་ནས་བོད་འབངས་སྡུག་བསྔལ་གྱི་གནས་ལས་སྐྱོབ་ཐབས་སུ་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་གནང་མཛད་དེ། ཐབས་མཁས་འཕྲུལ་མཛངས་ཀྱི་སྒོ་ནས་བོད་རྒྱ་མི་རིགས་གཉིས་འཆམ་མཐུན་མཉམ་གནས་ཡོངས་ཐབས་གནང་སྟེ་བོད་འབངས་རྣམས་གནས་སྐབས་ཛ་དྲག་དམག་གི་འཇིགས་པ་ལས་བསྐྱབས་ཤིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལེགས་བཅོས་ལས་ཁུངས་གསར་འཛུགས་སོགས་བོད་ལྗོངས་མཐའ་དབུས་ཡོངས་ལ་ཁྱབ་པར་མཛད།

དེ་ནས་དགུང་ལོ་ ༢༤ ཕེབས་སྐབས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང༌། དེའི་སྐབས་ཐུགས་ཁུར་གཙོ་བོ་མ་འོངས་མི་རིགས་ཀྱི་སོན་རྩ་ན་གཞོན་རྣམས་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་འདབ་གཤོག་གཉིས་ལྡན་ཡོང་ཐབས་སུ་གཏན་ཉིན་སློབ་གྲྭ་ཁག་ཟུར་འཛུགས་གནང་བས་མི་རིགས་ཀྱི་ངོ་བོ་གསོན་པོར་གནས་པའི་ཐོག་དེང་རབས་ཤེས་ཡོན་ཅན་གྱི་མི་སྣ་མང་པོ་གསོ་སྐྱོང་ཐུབ་པ་གནང་ཞིང༌། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་འགོ་འཁྲིད་ལས་འགན་གསར་སྐྱེས་ན་གཞོན་ཕོ་མོ་རྣམས་ཀྱིས་མུ་མཐུད་འཁུར་བཞིན་ཡོད། དེ་དང་ཕྱོགས་མཚུངས་བོད་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་ཆེད་རིས་མེད་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་བཤད་སྒྲུབ་ཀྱི་རྟེན་གཞི་དགོན་སྡེ་གྲྭ་ཚང་རྣམས་རིམ་བཞིན་བཙན་བྱོལ་དུ་སླར་གསོ་དར་སྤེལ་གནང་ཐབས་མཛད་ཅིང༌། ཆོས་བརྒྱུད་ནང་ཕན་ཚུན་ཕུ་ནུ་བཞིན་དུ་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་མཛའ་བརྩེའི་དཔལ་ལ་རོལ་ཐུབ་པ་བྱུང༌། བཙན་བྱོལ་བོད་མིའི་འཚོ་རྟེན་ཕུགས་འཕེར་ཡོང་ཐབས་སུ་གཞིས་ཆགས་ཁག་སིམ་ཡལ་དུ་མ་འགྲོ་བར་ཕན་ཚུན་མཉམ་རུབ་ཐོག་འཚོ་གནས་ཐུབ་པ་བྱུང་ཡོད། ལྷག་པར་བྱེས་འབྱོར་སྒྲིག་འཛུགས་དང་འཛིན་སྐྱོང་གི་སྒྲོམ་གཞིར་དུས་ནས་དུས་སུ་ལེགས་བཅོས་དང་ཡར་རྒྱས་གོང་འཕེལ་གྱིས་མང་གཙོའི་ཆ་ལག་ཡོངས་སུ་ཚང་ཞིང༌། བོད་མིའི་སྒྲིག་འཛུགས་དེ་ཉིད་མང་གཙོ་ཚད་ལྡན་ཞིག་ཏུ་འགྱུར་གནང་མཛད་པ་སོགས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་དབུ་འཁྲིད་ལམ་སྟོན་མཛད་པའི་བཀའ་དྲིན་ནི་བསམ་བརྗོད་ལས་འདས།

ཀུན་གྱི་མཁྱེན་གསལ་ལྟར་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ་བོད་མིའི་གཅིག་བསྒྲིལ་གྱི་ནུས་སྟོབས་དང་ཆོས་སྲིད་ཀྱི་མངའ་ཐང་ཡང་རྩེར་སོན་པ་བྱུང༌། དེང་གི་དུས་སུ་བོད་རིགས་ཡོངས་རྫོགས་ཆོལ་ཁ་དང་ཆོས་བརྒྱུད་དབྱེ་བ་མེད་པར་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་ངང་གནས་པ་མ་ཟད། བོད་མིའི་གོང་བུའི་ནུས་ཤུགས་ཇེ་ཆེར་འགྲོ་བཞིན་པ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རིགས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་མཛད་བཟང་རྨད་དུ་བྱུང་བ་ཞིག་ཡིན་པ་སྨྲོས་ཅི་དགོས།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་གིས་བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ལའང་ཕ་མེས་ནས་བརྒྱུད་པའི་མི་རིགས་ཀྱི་ཁྱད་ནོར་ངོས་འཛིན་ཐུབ་པའི་གདེང་སྤོབས་བྱིན་པ་ཙམ་མ་ཟད། ཡོངས་རྫོགས་བསྟན་པའི་མངའ་བདག་ཆེན་པོར་གྱུར་པ་སོགས་འཛམ་གླིང་ནང་པ་ཡོངས་ནས་གུས་བརྩི་ཞུ་མུས་བཅས་ཕྱོགས་དང་རིས་སུ་མ་ཆད་པའི་བསྟན་འགྲོའི་མཛད་པ་རྒྱ་ཆེར་བསྐྱངས་པ་དང༌། སྔོན་བྱོན་རིས་མེད་སྐྱེས་ཆེན་ཚད་ཐུབ་དུ་མས་དམ་བསྒྲགས་མཛད་པ་དང་རྗེས་སུ་མཐུན་པར་བསྟན་པ་དག་ཐེར་གྱི་མཛད་པ་ཁོ་ནར་དགོངས་ཏེ་དོལ་རྒྱལ་སྐོར་བླང་དོར་བཀའ་སློབ་བཀའ་དྲིན་བསྩལ་ཀྱང༌། ལོག་སྨོན་ཅན་གྱི་སྐྱེ་བོ་རེ་ཟུང་གིས་ྋརྒྱལ་བ་རིན་པོ་ཆེར་གོ་བ་ལོག་སྒྲུབ་ཞུ་ཐབས་བྱེད་པ་ནི་ཉི་ཤར་སྦར་མོས་འགེབ་ཐབས་བྱེད་པ་ལས་མ་འདས། ལྷག་པར་བར་སྐབས་ནས་ྋརྒྱལ་བ་རིན་པོ་ཆེའི་བཀའ་དྲིན་བསམ་ཤེས་ཡེ་ནས་མེད་པར་གཞི་རྩ་གཏན་ནས་མེད་པའི་མཚན་སྨད་དང༌། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བ་སོགས་ཁ་ལ་འཁྱེར་ཏེ་ཕ་རོལ་པོའི་གཡོ་བྱུས་འོག་ཚུད་པའི་ཆབ་སྲིད་ཀྱི་ལས་འགུལ་མངོན་གསལ་དོད་པོའི་སྒོ་ནས་སྤེལ་བཞིན་པ་རྣམས་ད་ཆ་ས་རིས་ཐང་གསལ་ཆགས་ཟིན་པ་ཚང་མས་མཁྱེན་ཆུབ་ལྟར་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་བདེ་དོན་སླད་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་དང༌། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་དག་སྣང་སྦྱོང་ཐབས། བོད་མིའི་ཁྱད་ནོར་ཆོས་དང་རིག་གཞུང་གིས་འཛམ་གླིང་སྤྱིར་ཞབས་འདེགས་སྒྲུབ་བཞིན་པ་ལྟར་གླིང་ཆེན་དྲུག་གི་རྒྱལ་ཁབ་ ༦༧ ལྷག་ཏུ་ྋཞབས་ཀྱི་པད་མོ་རྣམ་པར་བཀོད་པ་དང༌། ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་བྱ་དགའ། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། ཇོན་ཊེམ་པལ་ཊོན་གཟེངས་རྟགས་སོགས་ཆེ་བསྟོད་དང་གཟེངས་རྟགས་ ༡༥༠ བརྒལ་བ་འབུལ་བཞེས་མཛད། དེ་ལྟར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ལོ་རེ་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་མཛད་འཕྲིན་རྒྱས་བཞིན་པར་བརྟེན་རྒྱལ་སྤྱིའི་ཐོག་བོད་དོན་གནས་བབ་དང་རྒྱབ་སྐྱོར་ཤུགས་ཆེ་བྱུང་ཞིང༌། བོད་དོན་བདེན་མཐའ་གསལ་ཐབས་ལ་ཕན་ཐོགས་རླབས་ཆེན་བྱུང་ཡོད།

དེང་གི་ཆར་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་རྒྱ་ནག་གཞུང་གི་བཙན་དབང་དྲག་གནོན་འོག་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་འཇིགས་སྣང་དང་དངངས་སྐྲག་ངང་གནས་ཐོག་རང་སྲོག་བློས་བཏང་གནང་མཁན་ཀུན་གྱིས་མགྲིན་དབྱངས་གཅིག་གྱུར་ངང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ལ་གདན་འདྲེན་ཞུ་དགོས་པ་དང༌། བོད་མིའི་རང་དབང་བསྐྱར་གསོ་དགོས་པའི་མངོན་འདོད་གསལ་སྟོན་བྱས་པ་ལྟར་རྒྱ་ནག་གཞུང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་འཕྲལ་མར་གནང་དགོས་པའི་དྲན་བསྐུལ་ཞུ་རྒྱུ་ཡིན།

བཀའ་ཤག་སྐབས་བཅུ་བཞི་པས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་འཁུར་བླངས་པ་ནས་བཟུང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་འཕྲིན་ལས་དང༌། རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་གཞིས་བྱེས་བོད་མི་ཐམས་ཅད་ཀྱིས་གདུང་སེམས་མཉམ་བསྐྱེད་དང་ཕྱར་གྲུ་མཉམ་འདེགས་གནང་བའི་འབྲས་བུ་ལས་འཐུས་ཤོར་མེད་ཙམ་དུ་གནས་བཞིན་པ་ནི་དགའ་སྒོམ་བྱ་འོས་སུ་སྣང༌། སྔ་ལོ་ཨ་རི་དང༌། ཡོ་རོབ། རྒྱ་གར་བཅས་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་བོད་མིའི་ཚོགས་པ་སྒྲིག་འཛུགས་ཇི་སྙེད་ནས་མ་སྐུལ་དྭང་བླངས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་སྣ་ཚོགས་སྤེལ་གནང་བ་དང༌། ད་ལམ་ྋསྐུའི་གྱ་སྟོན་ཉིན་བོད་མིའི་སྒྲིག་འཛུགས་དང༌། རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་ནས་བརྟན་བཞུགས་བསྟར་འབུལ་གྱིས་གཙོས་མཛད་སྒོ་གྲ་རྒྱས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་ཡོད། ལྷག་པར་དུ་གཞིས་ལུས་བོད་མི་རྣམས་ཀྱིས་སྐུ་ཚེ་ཚེ་སྒྲུབ་དང༌། སྲོག་བླུ་ཚེ་ཐར། ཞབས་རིམ་གྲངས་གསོག་ཐོག་རང་གི་ལུས་སྲོག་གི་ཉེན་ཁར་མ་འཛེམས་པར་གྱ་སྟོན་ལ་མཉམ་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། བཟང་པོའི་བྱ་བ་འདི་དག་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་དཔག་མེད་བསགས་ཡོད་པར་ཐེ་ཚོམ་མེད། དེ་བཞིན་འཛམ་གླིང་གང་སར་མི་སྟོང་ཚོ་མང་པོ་མཉམ་དུ་འདུས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་གྱ་སྟོན་ལ་འཚམས་འདྲི་ཞུ་བཞིན་པ་འདི་དག་ནི་མགོན་པོ་མཆོག་གི་མཛད་འཕྲིན་ཡར་ངོའི་ཟླ་བ་ལྟར་འཕེལ་བཞིན་པའི་མཚོན་རྟགས་འཁྲུལ་མེད་དུ་སྣང༌།

བོད་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་འཕྲིན་ལས་ཁོ་ན་ལ་རག་ལུས་པས་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་ཡུན་བརྟན་དགོས་པ་ནི་བོད་མིའི་བདེ་སྐྱིད་ཀྱི་སྲོག་རྩ་ཡིན། དེ་ལྟར་ན་མགོན་པོ་མཆོག་གིས་ཇི་ལྟར་མ་ཡིས་བུ་ལ་འདོམས་པ་བཞིན་སྲིད་ན་རིན་བྲལ་བཀའ་སློབ་བསྩལ་བ་རྣམས་དེ་དེ་བཞིན་དུ་འགྲུབ་པའི་ཕྱིར་བོད་མི་མི་རེ་ངོ་རེས་དུས་རྟག་ཏུ་འབད་རྩོལ་གནང་དགོས་པ་ནན་ཏན་ཆེན་པོས་སྐུལ་མ་ཞུ་རྒྱུ་དང༌། མགོན་པོ་གང་ཉིད་མཁའ་ཁྱབ་སྐྱེ་འགྲོ་ཡོངས་དང༌། ཁྱད་པར་གང་གི་གདུལ་ཞིང་དུ་བདག་གིར་བཞེས་པའི་ཁ་བ་རི་པའི་སྐྱེ་འགྲོ་རྣམས་ཀྱི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱའི་བར་དུ་འཚོ་ཞིང་གཞེས་པ་དང༌། རླབས་ཆེན་འཕྲིན་ལས་ཀྱི་མཛད་བཟང་སྙིགས་འགྲོའི་གདུང་བ་སེལ་བའི་དཔྱིད་དུ་རྒྱ་ཆེ་རྒྱུན་མི་ཆད་པར་རྟག་སྐྱོང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན།
འདས་པའི་མི་ལོ་ ༥༦ རིང་རྒྱ་གར་དབུས་སའི་གཞུང་དང་མི་མང་གིས་མཚོན་པའི་འཛམ་གླིང་ཁྱོན་ལ་གནས་པའི་ཞི་བདེ་དང་དྲན་བདེན་ལ་དགའ་བའི་མི་མང་གིས་བོད་ཀྱི་རྩ་དོན་དང་ཆོས་རིག་འཛིན་སྐྱོང་གི་བྱ་བར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་གོ་སྐབས་འདི་བཟུང་སྟེ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ལ།། །།

Share with your friends










Submit