ཟླ་བ་ ༣ ཚེས ༡༠ ༢༠༡༥

༢༠༡༥ ཟླ་ ༣ ཚེས་ ༡༠ རེས་གཟའ་མིག་དམར།

༄༅། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༥༦ འཁོར་བའི་ཉིན་མོ་འདིར་གཞིས་བྱེས་བོད་མི་ཡོངས་དང་འཛམ་གླིང་གང་སར་གནས་པའི་བོད་ཀྱི་གྲོགས་པོ་རྣམས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག ད་བར་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང་། ད་ལྟའི་ཆར་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་རྗེས་དྲན་གུས་འདུད་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོ་འདི་ནི་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ནས་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་བློ་སྟོབས་ཆེན་པོའི་སྒོ་ནས་བོད་མིའི་བདེན་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུའི་ཆོད་སེམས་བསྐྱར་ནན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་བརྟན་པོའི་སྒོ་ནས་འཇུག་རྒྱུའི་དམ་བཅའ་དྲན་གསོ་ཞུ་བའི་ཉིན་མོ་ཞིག་ཀྱང་རེད།

ད་ལྟའི་ཆར་བོད་ནང་ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཆེ་རུ་བཏང་སྟེ་ཛ་དྲག་ཇེ་ཆེར་གནས་ཡོད་པ་དང་། ཕྱོགས་གཞན་ནས་དྲག་གནོན་ལ་ཇི་མི་སྙམ་པར་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད། དེ་ཡང་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཡོངས་ལ་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་དང་། རང་ལུས་མེར་སྲེག་གི་ཞི་རྒོལ་མུ་མཐུད་བྱུང་བའི་དབང་གིས་བོད་ཁུལ་ཡོངས་ལ་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་དང་། ཁྱད་པར་ས་གནས་ཕན་ཚུན་དབར་འགྲུལ་བཞུད་བྱེད་རྒྱུར་སུན་གཙེར་དང་དམ་བསྒྲགས་ཆེན་པོ་བྱེད་མུས། དཔེར་ན་གྲོང་ཁྱེར་ཆེ་ཁག་ཏུ་འགྲུལ་བཞུད་བྱེད་སྐབས་ས་སྲུང་ལམ་འགག་རིམ་པ་མང་པོ་བརྒྱུད་དགོས་སྟབས་ངོ་སྤྲོད་ལག་ཁྱེར་དུས་རྟག་ཏུ་མཉམ་དུ་འཁྱེར་དགོས་པར་བརྟེན་བོད་མི་ཚོས་ངོ་སྤྲོད་ལག་འཁྱེར་ལུས་དང་གྲིབ་མ་བཞིན་མ་བྲལ་བར་འཁྱེར་ན་མ་གཏོགས་གང་དུའང་འགྲོ་ཆོག་གི་མི་འདུགŽ ཅེས་བརྗོད་བཞིན་ཡོད། གང་ལྟར་རང་གི་ལུང་པར་རང་ཉིད་གར་འགྲོའི་རང་དབང་མེད་པའི་གནས་སྟངས་ཆགས་ཡོད་པ་དང་། ཐ་ན་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པའི་ཁྲོད་ནས་ཀྱང་བོད་ནང་གི་གནས་སྟངས་ནི་དམག་སར་སླེབས་པ་དང་གཅིག་མཚུངས་རེད་འདུག་ཅེས་བརྗོད་ཡོད།

ཁྱད་པར་སྔ་ལོ་རྒྱ་ནག་དབུས་གཞུང་ནས་གཞིས་ཀ་རྩེ་དང་ཆབ་མདོ་གཉིས་གྲོང་ཁྱེར་གྱི་ངོ་བོར་བསྒྱུར་རྒྱུའི་གསལ་བསྒྲགས་བྱས་པ་ནི་སེམས་འཚབ་སྐྱེ་གཞིར་སྣང་། དཔལ་འབྱོར་གོང་འཕེལ་དང་དེང་རབས་ཀྱི་ཡར་རྒྱས་ལ་དགའ་བསུ་ཞུ་འོས་པ་ཞིག་ཡིན་ནའང། ད་བར་གྱི་ཉམས་མྱོང་ལ་གཞིགས་ན་དེ་འདྲའི་ཡར་རྒྱས་ཀྱིས་བོད་མིའི་ཐོག་ཁེ་ལས་གྱོང་ཆེ་བ་བྱུང་ཡོད། གྲོང་ཁྱེར་གྱི་རྣམ་པ་གསར་པ་འཛུགས་སྐྲུན་བྱས་པའི་འབྲས་བུར། བོད་མིར་དཔལ་འབྱོར་གྱི་གོ་སྐབས་འདྲ་མཉམ་མ་ཐོབ་པ་མ་ཟད། ཡུལ་གྱི་བདག་པོ་ངོ་མ་རྣམས་རིམ་བཞིན་སྤྱི་ཚོགས་ཀྱི་གྲལ་ནས་མཐའ་ལ་འབུད་འགྲོ་ཡི་ཡོད། དེའི་དཔེ་མཚོན་གསལ་ཤོས་ནི་ལྷ་ས་གྲོང་ཁྱེར་ཡིན

ལྷ་སའི་ཉེ་ཁོར་དུ་གྲོང་ལག་གསར་པ་འཛུགས་སྐྲུན་ཤུགས་ཆེ་བྱས་ཏེ་རྒྱ་ནག་གི་ཞིང་ཆེན་མང་པོ་ནས་མི་འབོར་ཕོན་ཆེན་གནས་སྤོས་བྱས་རྐྱེན། བོད་མི་ལས་ཕྱི་ནས་སླེབས་པའི་ཕྱོགས་མིའི་གྲངས་འབོར་ལྡབ་ཁ་ཤས་ཀྱིས་མང་བ་ཆགས་ཏེ་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་བོད་མིའི་ཆོས་རིག་ཀྱི་ལྟེ་གནས་ལྷ་ས་གྲོང་ཁྱེར་དེ་ཡང་རྒྱ་ནག་གི་གྲོང་ཁྱེར་གཞན་དང་འདྲ་བར་གྱུར་ཟིན་པ་རེད། དེར་བརྟེན་གཞིས་ཀ་རྩེ་དང་ཆབ་མདོ་གཉིས་ཀྱང་ལྷ་ས་དང་འདྲ་བར་བོད་མིའི་ཆོས་རིག་གོམས་སྲོལ་སྲུང་སྐྱོབ་བྱ་ཡུལ་མེད་པར་འགྱུར་ཉེན་ཆེ་བ་དང་། དེ་བཞིན་བོད་ཀྱི་གནའ་བོའི་ཞིང་འབྲོག་གི་འཚོ་བར་ཡང་དོ་ཕོག་ཤུགས་ཆེ་ཐེབས་བཞིན་པར་ཡང་སེམས་འཚབ་ཡོད།

གོང་གསལ་བོད་ནང་གི་གནད་དོན་རྣམས་གདོང་ལེན་བྱ་རྒྱུར་དཀའ་ཚེགས་ཡོད་ཀྱང་། ང་ཚོས་མུ་མཐུད་མཉམ་རུབ་ཐོག་ཆོད་སེམས་བརྟན་པོའི་སྒོ་ནས་འབད་བརྩོན་བྱས་ན་དཀའ་ངལ་མཐའ་དག་གདོང་ལེན་བྱེད་ཐུབ་པའི་ཡིད་ཆེས་ཡོད། འདས་པའི་དུས་སུའང་མདུན་མཆོངས་ཆེན་པོ་ཟེར་བ་དང་དེ་བཞིན་རིག་གནས་གསར་བརྗེར་གྲགས་པའི་སྨྱོན་པའི་བྱ་སྤྱོད་སྤེལ་སྐབས་ཀྱང་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་ཅིང་། དེ་མཚུངས་ཕྱི་ལོ་ ༡༩༨༩ ལོར་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་པ་དང་། ཁ་བྲལ་ལ་ངོ་རྒོལ་གྱི་མིང་ཐོག་ནས་བོད་མིའི་ཐོག་རྡུང་རྡེག་ཚ་ནན་གྱི་ལས་འགུལ་སྤེལ་བ། གཞན་ཡང་ནུབ་རྒྱུད་ཐོན་སྐྱེད་ཆེན་མོ་ཟེར་བ་སོགས། མདོར་ན་འདས་པའི་མི་ལོ་དྲུག་ཅུ་བརྒལ་བའི་རིང་རྒྱ་ནག་གཞུང་ནས་གཅིག་མཇུག་གཉིས་མཐུད་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ལས་འགུལ་རིམ་པ་སྤེལ་ཡོད་རུང་བོད་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་ཉམས་ཉེས་འགྲོ་རྒྱུ་ལས་ལྡོག་ཏེ་གོང་མཐོར་འཕེལ་ཡོད། དཔེར་ན་ད་ལྟ་ང་ཚོས་རྗེས་དྲན་ཞུ་བཞིན་པ་ཕྱི་ལོ་ ༡༩༥༩ ལོར་བྱུང་བའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་རྒྱ་ཁྱབ་ཏུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོས་མཚོན་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་བསྟུད་མར་བྱུང་བའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་པ་དང་ལྷག་དོན་ད་བར་བོད་མི་བརྒྱ་ཕྲག་བརྒལ་བས་རང་ལུས་མེར་སྲེག་གནང་བ་བཅས་ནས་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་མུ་མཐུད་གནས་ངེས་ཡིན་པ་གསལ་པོར་མཐོང་ཐུབ།

ད་ལྟའི་ཆར་བོད་ནང་ཆབ་སྲིད་ཀྱི་གོ་རྟོགས་དང་མི་རིགས་ཀྱི་ལར་ཞེན་ཆེ་རུ་འགྲོ་བཞིན་པ་ནི་བློ་སྤོབས་སྐྱེ་གཞིར་སྣང་། དེ་ཡང་བོད་ནང་གཞི་རིམ་མང་ཚོགས་ཀྱི་བསམ་པའི་འཁྱེར་ཕྱོགས་དང་། སྙན་ངག་མཁན་ཚོའི་སྙན་རྩོམ་གྱི་ནང་དོན་དང་གླུ་གཞས་ཀྱི་ཚིག་དོན། རི་མོ་བས་བྲིས་པའི་རི་མོའི་མཚོན་དོན་སོགས་ཕྱོགས་གང་ནས་བལྟས་ཀྱང་བོད་མིའི་གཅིག་སྒྲིལ་གྱི་ནུས་སྟོབས་ཆེ་རུ་འགྲོ་བཞིན་ཡོད། རི་ཁར་དབྱར་རྩ་དགུན་འབུ་འཐུ་མཁན་གྱི་མི་མང་དཀྱུས་མ་ནས་སྣུམ་འཁོར་གཏོང་མཁན་དང་དེ་བཞིན་ཞིང་པ་དང་འབྲོག་པ། མཁས་པ་དང་སྒྱུ་རྩལ་བ། དགེ་འདུན་པ་དང་བཙུན་མ་སོགས་ཚང་མས་བོད་མི་རིགས་ཀྱི་ཆེ་མཐོང་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་དར་སྤེལ་ཡོང་ཐབས་ལ་སེམས་ཁུར་བྱེད་བཞིན་ཡོད། བཟང་ཕྱོགས་ཀྱི་འགྱུར་བ་འདི་དག་གིས་རིམ་བཞིན་བོད་མིའི་མངོན་འདོད་སྒྲུབ་པར་ཕན་ཐོགས་ངེས་ཅན་ཡོང་རྒྱུ་ཡིན།

ལོ་འདིར་རྒྱ་ནག་གཞུང་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་བྱེད་སྒོ་སྤེལ་འཆར་ཡོད་པ་དང་། བོད་ནང་རང་ཁྱིམ་རང་བདག་ཡོད་ཚུལ་གྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་རུང་། དྲིལ་བསྒྲགས་བྱས་པ་ལྟར་གྱི་རང་ཁྱིམ་རང་བདག་ཡོང་བར་བོད་ཀྱི་འཛིན་སྐྱོང་འགན་དབང་བོད་མིར་སྤྲོད་དགོས་པ་ཡིན། དེ་མཚུངས་སྲིད་འཛིན་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་ཡོད་པའི་རྒྱ་རིགས་ལས་བྱེད་པ་ཚོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་དགོས་ཚུལ་སོགས་བཤད་འདུག་ཀྱང་། ཉེ་སྔོན་མདོ་སྨད་ཁུལ་དུ་ས་གནས་དཔོན་རིགས་ཀྱིས་དོན་ཚན་ཉི་ཤུ་ཅན་གྱི་བརྡ་ཁྱབ་ཅིག་བཏང་བའི་ནང་བོད་མིའི་ཆོས་རིག་དང་སྐད་ཡིག་གཉིས་ཀའི་ཐོག་སྔར་ལྷག་དམ་བསྒྲགས་བྱ་རྒྱུ་ཡིན་པ་གསལ་པོར་འཁོད་འདུག་པར་ཚང་མས་ཡིད་གཟབ་བྱ་དགོས་པར་སྣང་།
དེ་མཚུངས་ཕ་མེས་ནས་བརྒྱུད་པའི་བོད་མིའི་ཆོས་རིག་གོམས་གཤིས་དང་ཡ་རབས་བཟང་སྤྱོད་རྣམས་མི་ཐོག་ནས་མི་ཐོག་བར་རྒྱུན་འཛིན་ཐུབ་པ་དགོས་གཤིས། དེང་གི་ཆར་བོད་ནང་སྤྱི་སྒེར་གཉིས་ཀར་གྱོང་གུན་ཆེ་བའི་བག་མེད་པའི་ཀུན་སྤྱོད་ནང་ཁུལ་ཤ་ལན་སློག་རེས་དང་། གང་བྱུང་ཤོ་སྦག་རྒྱན་རྩེད་དང་ཆང་རག་རིགས་ལ་སྤྱོད་མཁན་ཉུང་དུ་འགྲོ་ཡི་ཡོད་འདུག་པར་བསྔགས་བརྗོད་ཞུ་རྒྱུ་དང་། མ་འོངས་པར་ཡང་དེ་རིགས་མི་ཡོང་བ་བྱ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

ལྷག་པར་ཤེས་ཡོན་ཐོག་ནུས་ཤུགས་བསྒྲིལ་རྒྱུ་ནི་གལ་ཆེ་ཤོས་ཡིན་སྟབས། བོད་མི་ཚང་མས་གལ་ཆེ་དོན་ཆེར་བརྩིས་ཏེ་མུ་མཐུད་ཕྱར་གྲུ་མཉམ་འདེགས་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ཤག་གི་ངོས་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་ཁ་བྲལ་མ་ཡིན་པར་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་དང་བྱེད་མུས་ཡིན། འདི་ལོ་ཕྱི་ཟླ་ ༡ པོའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་བསྐོང་ཚོགས་ཞུས་ཏེ་བོད་ནང་གི་གནས་སྟངས་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་བཅས་ལ་གཞིགས་ཏེ་འབྲེལ་མོལ་སྐོར་བསམ་ཞིབ་གྲོས་བསྡུར་ཞིབ་ལྷུག་བྱས་ཡོད་ཅིང་། བོད་མིའི་འགོ་ཁྲིད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་འགོ་ཁྲིད་དབར་འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།

འདིའི་ཐད་ཉེ་སྔོན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་འགོ་ཁྲིད་དབར་འབྲེལ་མོལ་བྱ་རྒྱུར་རྒྱབ་སྐྱོར་གྱི་གསལ་བསྒྲགས་སྤེལ་འདུག་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། དེ་ཡང་གསལ་བསྒྲགས་ནང་འབྲེལ་མོལ་གྱི་འབྲས་བུ་བཟང་པོ་འདིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་མི་རིགས་ཚང་མར་ཁེ་ཕན་ཡོང་རྒྱུ་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་མོལ་བྱ་རྒྱུའི་གོ་སྐབས་དམ་འཛིན་བྱ་དགོས་ཞེས་འཁོད་ཡོད་པ་དང་།

དེ་མཚུངས་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཀྱང་། ཨ་རིའི་རྒྱལ་ཡོངས་སྔ་དྲོའི་སྨོན་ལམ་གསོལ་འདེབས་མཛད་སྒོའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བྱམས་བརྩེ་ཉམས་ལེན་གནང་མཁན་གྱི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་པ་དང་། ཁོང་ལ་བརྟེན་ནས་ང་ཚོར་འགྲོ་བ་མིའི་ཆེ་མཐོང་དང་རང་དབང་སྐོར་གླེང་སློང་བྱེད་དགོས་པའི་སེམས་སྐུལ་ཐེབས་ཀྱི་འདུགŽ ཅེས་གསུངས་པར་ཡང་དགའ་བསུ་ཞུ་རྒྱུ་ཡིན།

རྒྱ་གར་ནང་ལ་ཆ་མཚོན་ནའང་བོད་དོན་གལ་འགངས་ཆེན་པོ་ཡིན་པའི་ངོས་འཛིན་ཇེ་ཆེར་འགྲོ་བཞིན་པ་དང་། བོད་དོན་སྐོར་གླེང་སློང་བྱ་རྒྱུའི་སྡིངས་ཆ་དང་གོ་སྐབས་མང་དུ་འགྲོ་མུས་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནི་ཡང་དག་པའི་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་མཁན་གྱི་སྒྲིག་འཛུགས་ནུས་པ་ལྡན་པ་ཞིག་ཡིན་པའི་ངོས་འཛིན་དང་གདེང་འཇོག་འཐོབ་བཞིན་ཡོད། མང་ཚོགས་ཀྱི་མཉམ་ཞུགས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་མང་གཙོ་ཚགས་ཚུད་པོ་བྱུང་བ་ཡིན་སྟབས་མ་འོངས་པར་ཡང་མང་གཙོའི་ལས་རིམ་ནང་མང་ཚོགས་ནས་མུ་མཐུད་ཆ་ཤས་མང་ཙམ་བླང་རྒྱུའི་སྐུལ་མ་བྱ་རྒྱུ་ཡིན།

འདི་ལོ་འཛམ་གླིང་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་མཛད་སྒོ་རྒྱས་པ་སྲུང་བརྩི་ཞུ་བཞིན་ཡོད།

དེ་ཉིན་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བརྟན་པ་དང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ་ཡོང་ཆེད་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་དང་། བོད་མི་རིགས་ཀྱི་ཁྱད་ནོར་ཕ་མེས་ནས་བརྒྱུད་པའི་ཡ་རབས་བཟང་པོའི་གཤིས་སྤྱོད་དང་གོམས་སྲོལ་རྣམས་རྒྱུན་འཛིན་ཐུབ་པ་བྱ་རྒྱུའི་ཆོད་སེམས་བསྐྱེད་དགོས།

ད་རེས་ཀྱི་གོ་སྐབས་འདི་དང་བསྟུན་ནས་འཛམ་གླིང་གང་སར་གནས་པའི་བོད་མིའི་བདེན་དོན་ལ་ཤ་ཚ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་དོན་རྒྱ་གར་གཞུང་དང་མི་མང་གཉིས་ནས་ད་བར་གཏོང་ཕོད་ཆེན་པོའི་སྒོ་ནས་མཐུན་འགྱུར་རོགས་རམ་གནང་བར་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
དེང་སྐབས་འཛམ་གླིང་གང་སར་དྲག་ལས་དང་འཁྲུག་རྩོད་ཤུགས་ཆེར་ཁྱབ་བཞིན་པའི་སྐབས་འདིར། བོད་མིའི་འཐབ་རྩོད་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ལ་བརྟེན་པ་ཞིག་ཡིན་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ནས་མུ་མཐུད་རྒྱབ་སྐྱོར་བྱ་འོས་པ་ཞིག་ཆགས་ཡོད་པའང་གསལ་བརྗོད་བྱ་འདོད་བྱུང་།

མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བརྟན་ཅིང་། ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་སྟེ་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཤུགས་དྲག་དང་བཅས།
སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༠ ལ།།

Share with your friends










Submit