ཟླ་བ་ ༡༢ ཚེས ༡༠ ༢༠༡༤

༢༠༡༤ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ལྷག་པ།

DSC_0185༄༅། །དེ་རིང་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང། བླང་དོར་ལམ་སྟོན་པ། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པ་དགྱེས་བཞེས་མཛད་དེ་མི་ལོ་ ༢༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་འདིར་མཁའ་ཁྱབ་འགྲོ་བ་ཡོངས་ལ་བདེ་བའི་འདོད་རྒུ་འཇོ་བའི་གསང་གསུམ་གྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་དུས་ལས་ཡོལ་བ་མེད་པར་བསྐྱངས་དང་སྐྱོང་བཞིན་པར་ཕྲན་གྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀའ་དྲིན་རྗེས་དྲན་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་ནས་མི་ལོ་ ༢༥ གོང་སྟེ་ཕྱི་ལོ་ ༡༩༨༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་འབུལ་ལམ་ཞུས་ཡོད་ཅིང། དེ་ཡང་༸མགོན་པོ་མཆོག་གི་གཞན་ཕན་གྱི་མཛད་པ་འཕྲིན་ལས་སྤྱི་དང། ཡང་སྒོས་འཛམ་གླིང་ཀུན་ལ་དགེ་ཕན་ཅན་གྱི་བོད་མི་རིགས་རིག་གཞུང་དང་བཅས་པ་མི་ཉམས་གོང་འཕེལ་དང། ཉམས་པ་སླར་གསོའི་ཆེད་དུ། ནང་པའི་ཆོས་ཀྱི་བསླབ་བྱ་དང་བདག་ཉིད་ཆེན་པོ་གྷན་རྡིའི་བཞེད་དགོངས་ཟབ་མོ་གཞིར་བཟུང་འཚེ་མེད་ཞི་བའི་ཐབས་ཚུལ་ཁོ་ནར་བརྟེན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་མཛད་པ་དང། དེ་བཞིན་འཛམ་གླིང་འདིར་ཕན་ཚུན་བསམ་ཤེས་དང་། མཐུན་སྒྲིལ། དྲང་བདེན། བྱམས་བརྩེ་ཡོད་པ་བཅས་ཀྱི་སྒོ་ནས་ཕན་ནུས་ལྡན་ལ་ཕུགས་རྒྱང་རིང་བའི་དགོངས་པར་བརྟེན་ནས་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཁག་ཞི་ཐབས་དང། འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་ཞི་བདེ་དོན་དང་ལྡན་པ་འབྱུང་ཐབས་སུ་རྨད་བྱུང་མཛད་བཟང་བསྐྱངས་དང་སྐྱོང་མུས་ལ་འཛམ་གླིང་སྐྱེ་རྒུ་རྣམས་ཀྱི་ཡིད་དབང་ཕྲོགས་ཏེ། སྙན་གྲགས་ཅན་གྱི་ཞི་བདེའི་གཟེངས་རྟགས་དེ་བཞིན་འབུལ་ལམ་ཞུས་ཡོད།

ད་དུང་རྒྱལ་སྤྱིའི་ཁྱོན་དུ་ཞི་བདེ་དང་། རང་དབང་། བདེ་སྐྱིད་བཅས་འབྱུང་ཐབས་སུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་དེ་ཤར་ནུབ་ཡུལ་གྲུ་མང་པོར་ཡང་ནས་ཡང་དུ་༸ཞབས་ཀྱིས་བཅགས་ཏེ་བྱམས་སྙིང་རྗེ་དང། བཟོད་བསྲན། རང་ལས་གཞན་གཅེས། འཚེ་བ་མེད་པ་སོགས་ཀྱི་སྐོར་དོན་ཟབ་ལ་གོ་སླ་བའི་གདུལ་བྱ་རྣམས་ཀྱི་རྒྱུད་ཐོག་སྨན་ངེས་ཀྱི་བསླབ་བྱ་དང། ཁྱད་པར་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་རྣམས་ནང་ཁུལ་དམ་གཙང་ཆིག་བསྒྲིལ་ངང་ཞི་བདེ་མཉམ་གནས་ཡོང་ཐབས་དང་། ཆོས་དང་མ་འདྲེས་པའི་བཟང་སྤྱོད་སྐོར་ངོ་སྤྲོད་དང་འབྲེལ་བའི་ཁྱབ་སྤེལ། ནང་ཆོས་དང་ཚན་རིག་དབར་འབྲེལ་ལམ་གསར་བཏོད་སོགས་ལ་དམིགས་བསལ་ཐུགས་འཁུར་མཛད་བཞེས་བསྐྱངས་དང་སྐྱོང་བཞིན་པར་བརྟེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་གཙོས་གཟེངས་རྟགས་ཧ་ཅང་མང་པོ་འབུལ་བཞེས་གནང་དང་གནང་བཞིན་པ་སོགས་ཀྱི་མཛད་འཕྲིན་ལ་རང་རེ་ཚང་མ་དགའ་སྤོབས་བྱ་འོས་པ་ཡིན།

འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༥ འཁོར་བའི་དུས་ཚིགས་འདིར། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆེད་དུ་གདན་ཞུ་དང་འབྲེལ་དུས་ཚིགས་ལ་རྗེས་དྲན་དང་། ཆེ་བསྟོད་ཀྱི་མཛད་སྒོ་སྔར་བྱུང་མྱོང་མེད་པའི་དམིགས་བསལ་ཅན་ཞིག་གནང་ཡོད་པ་དེས་༸མགོན་པོ་གང་གིས་འཛམ་གླིང་ཞི་བདེའི་ཆེད་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་སླར་ཡང་ངོས་འཛིན་གསལ་པོ་ཞུས་པ་ཞིག་ཡིན།

ལོ་འདིར་ལྷོ་ཨ་ཕི་རི་ཀར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མང་པོ་ཞིག་ལྷན་འཛོམས་ཀྱིས་རྗེས་དྲན་ཆེན་པོ་ཞིག་གནང་འཆར་ཡང་། ལྷོ་ཨ་ཕི་རི་ཀའི་གཞུང་གིས་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐོངས་མཆན་མ་ཕུལ་བ་ནི་དབང་ཡོད་ཀྱིས་དབང་མེད་ལ་ཐུབ་ཚོད་བཏང་བ་ལྟ་བུར་བརྟེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མང་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བདེན་རྒྱབ་ཏུ་བཞེངས་ཕྱོགས་བརྟན་པོ་གནང་བས། དེ་ལྟའི་རྗེས་དྲན་ཚོགས་འདུ་དེ་ཡང་ཕྱིར་བཤོལ་གནང་དགོས་བྱུང་ཡོད་ཅིང་། དེ་ལྟ་བུའི་ནུས་པ་ཐོན་པའི་བདེན་རྒྱབ་གནང་མཁན་གྱི་སྐྱེས་མཆོག་རྣམ་པར་གུས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

འདི་ལོ་ ༢༠༡༤ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་བྱིས་པའི་ཐོབ་ཐང་ཆེད་འཐབ་རྩོད་གནང་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལ་ཤི་སཏྱཱར་ཐི་མཆོག Kailash Satyarthi དང་། པ་ཀི་སི་ཐན་གྱི་བུད་མེད་ན་གཞོན་མ་ལ་ལ་ཡུ་སུབ་ཛ་ཡ་ Malala Yousafzai མཆོག་རྣམ་གཉིས་ལ་འབུལ་ལམ་ཞུ་གཏན་འཁེལ་ཡོད་པས། དེ་ནི་དུས་རབས་ཉེར་གཅིག་པ་འདིའི་ནང་བྱིས་པ་མང་པོར་སློབ་སྦྱོང་སོགས་ཀྱི་གོ་སྐབས་མི་འཐོབ་པ་དང། ཡུལ་ལུང་འགའ་ཤས་ནང་བུད་མེད་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མི་སྤྲོད་པའི་སྐོར་ལ་སྙིང་སྟོབས་ཆེན་པོས་འཐབ་རྩོད་གནང་བ་ལ་བརྟེན་ནས་འབུལ་ལམ་ཞུས་པ་ཡིན་སྟབས་ཁོང་གཉིས་ལ་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་བསྔགས་བརྗོད་དང་དགའ་བསུ་ཞུ་རྒྱུ་ཡིན། དེང་འཛམ་གླིང་ཐོག་འཁྲུག་འཛིངས་སོགས་ཕན་ཚུན་གནོད་ཅིང་འཚེ་བའི་དུས་སྐབས་འདིར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པར་མངོན་པར་བསྟོད་རྒྱུ་དང་། ད་དུང་འཛམ་གླིང་ཁྱོན་འདིར་ཞི་བདེ་དང་། བྱམས་བརྩེ་སོགས་ཀྱི་ལམ་ནས་སྐྱེ་འགྲོ་ཀུན་ལ་ཕན་བདེ་བསྐྲུན་ནུས་པའི་སྐྱེས་བུ་དམ་པ་ཁོང་རྣམ་པ་ལྟ་བུ་གང་མང་ངེས་པར་ཐོན་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན།

མི་ལོ་ཉི་ཤུ་ལྷག་ཙམ་རིང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ་དོན་གཉེར་གནང་མཁན་གྱི་རྩོམ་པ་པོ་སྐུ་ཞབས་ལིའུ་ཞའོ་པོ་མཆོག་ལ་ཕྱི་ལོ་ ༢༠༡༠ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པར། རྒྱ་ནག་གཞུང་ཕྱོགས་ནས་ཁོང་གིས་མང་གཙོ་དང་རང་དབང་སོགས་ཀྱི་ཆེད་རྩོད་ལེན་གནང་བར་འདོད་བབས་མ་བྱུང་སྟབས་ཁོང་འཛིན་བཟུང་གིས་དུས་ད་ལྟའང་བཙོན་འཇུག་འོག་གནས་ཡོད་པ་འདིས་རྒྱ་ནག་འགོ་ཁྲིད་ཚོས་རང་གི་དབང་ཆ་བརྟན་གནས་ཆེད་ནུས་ཤུགས་ཡོད་ཚད་འདོན་པ་ལས་འགྲོ་བ་མིའི་ཐོབ་ཐང་ཐོག་ཁ་ཙམ་ལས་དངོས་སུ་ལག་བསྟར་གང་ཡང་བྱེད་ཀྱི་མེད་པ་གསལ་པོ་བསྟན་པས། རྒྱ་ནག་གི་འགོ་ཁྲིད་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་རྩ་དོན་རྣམས་སྲུང་སྐྱོབ་དང་ལག་བསྟར་བྱ་རྒྱུའི་ཁས་ལེན་བྱས་ཡོད་པར་ཁ་དན་ཚིག་གནས་ཀྱི་ཐོག་ནས། ཁོང་དང་ཁོང་འདྲ་བའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ་དོན་གཉེར་བ་སོགས་བཙོན་འཇུག་འོག་སྡུག་སྦྱོང་མྱངས་དང་མྱོང་བཞིན་པ་རྣམས་འཕྲལ་དུ་གློད་བཀྲོལ་གྱིས་འགྲོ་བ་མི་སྤྱི་མཚུངས་ཀྱི་རང་དབང་དགའ་བདེའི་དཔལ་ལ་ཅི་དགར་ལོངས་སུ་སྤྱོད་ཐུབ་པར་བསམ་ཤེས་ངེས་པར་དགོས་པའི་རེ་སྐུལ་ཤུགས་དྲག་བྱ་རྒྱུ་ཡིན།

ཡང་དེ་རིང་གི་ཉིན་མོ་འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་བའི་ཉིན་མོའང་ཡིན་པས། ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་གཙིགས་ཆེར་འཛིན་དེ་སྲུང་སྐྱོབ་གནང་མཁན་འཛམ་གླིང་ཡུལ་གྲུ་གང་སའི་གཞུང་དང། གྲོས་ཚོགས། ཚོགས་པ་ཁག སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ། མཁས་པ་ཁག རྒྱ་ཆེའི་མང་ཚོགས་བཅས་ལ་འབོད་སྐུལ་ཞུ་རྒྱུར། རྒྱ་གཞུང་གིས་བོད་ལྗོངས་འདི་ཉིད་བཙན་བཟུང་བྱས་པ་ནས་བཟུང་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་བརྡལ་བཤིག་ཚབས་ཆེན་བཏང་སྟེ། ཉེས་མེད་བོད་མི་གྲངས་ལས་འདས་པ་འཛིན་བཟུང་བཙོན་འཇུག་གིས་རང་སྣང་གང་འདོད་ལྟར་མནར་གཅོད་ཚད་མེད་དང། སྲོག་ཐོག་ཁྲིམས་ཆད་བཅས་རྒྱུན་ཆད་མེད་པར་བཏང་དང་གཏོང་བཞིན་པར་ངོ་རྒོལ་དང། དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་བདེན་རྒྱབ་དཔུང་རོགས་ནུས་ལྡན་འཕྲལ་དུ་གནང་རོགས་ཞེས་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་དང། རྒྱ་ནག་ཕྱོགས་ནས་ཀྱང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་ཐོག་ལུགས་མཐུན་ལག་བསྟར་ངེས་པར་དགོས་པའི་དགོས་འདུན་ཤུགས་ཆེ་འདོན་བཞིན་ཡོད།

དེ་རིང་གི་ཉིན་མོའི་གོ་སྐབས་འདི་བཟུང་སྟེ་ཉེ་བའི་ཆར་ཡང་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་སོགས་ཀྱི་གནས་ཚུལ་འགའ་ཤས་དཔེ་མཚོན་ཙམ་དུ་ཞུས་ན། འདི་ལོ་ཕྱི་ཟླ་ ༩ པའི་ཟླ་མཇུག་ཏུ་པེ་ཅིང་དུ་ཀྲུང་དབྱངས་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུ་ཐེངས་ ༦ པ་ཟེར་བ་སྐོང་ཚོགས་ཐོག་རྒྱ་ནག་གི་འགོ་གཙོ་ཞིས་ཅིན་ཕིང་སོགས་ཀྱིས་མི་རིགས་མང་བ་རྒྱལ་ཁབ་ཀྱི་ཁྱད་ཆོས་ཡིན་པ་དང་། རྒྱལ་ཁབ་ཡར་རྒྱས་འགྲོ་བའི་མཐུན་རྐྱེན་ཡིན་པ། ཀྲུང་ཧྭ་མི་རིགས་དང་། མི་རིགས་སོ་སོའི་བར་གྱི་འབྲེལ་བ་ནི་ཁྱིམ་ཆེན་པོ་ཞིག་དང་ཁྱིམ་མིའི་བར་གྱི་འབྲེལ་བ་ཞིག་ཡིན་པ་དང། མི་རིགས་ཁག་བར་གྱི་འབྲེལ་བ་ནི་ཁྱིམ་ཚང་གཅིག་གི་ཁྱིམ་མིའི་འབྲེལ་བ་ལྟ་བུ་ཡིན་ཚུལ་དང་། ད་དུང་རྒྱ་རིགས་ཆེན་པོའི་རིང་ལུགས་དང་གུ་དོག་པའི་མི་རིགས་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་སོགས་ནན་ཏན་ཆེ་མདོག་གི་གཏམ་བཤད་སྣ་ཚོགས་བྱས་འདུག་ནའང་། དོན་དངོས་ཐོག་རྒྱ་གཞུང་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་མཐུན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལ་བདག་སྐྱོང་ཙམ་ཡང་མེད་པ་དང་། བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་དམ་འཛིན་འོག་ད་ལྟའི་ཆར་བོད་མི་ཚོར་ཆབ་སྲིད་ཀྱི་རང་དབང་ལྟ་ཞོག དཔལ་འབྱོར་གྱི་ཁེ་ཕན་ཡོད་པའི་བོད་ཀྱི་གྲོང་ཁྱེར་ཆེ་ཁག་དང་གྲོང་བརྡལ་ཁག་ཏུ་བོད་མི་རྣམས་སྤྱི་ཚོགས་ཀྱི་མཐར་ཕུད་དེ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་། ཆོས་སྤྱོད་ཀྱི་རང་དབང་། འགྲུལ་བསྐྱོད་ཀྱི་རང་དབང་། སྐད་ཡིག་རང་དབང་བཅས་པར་དམ་བསྒྲགས་ཤུགས་ཆེ་དང་། བོད་ཀྱི་ཁོར་ཡུག་ལ་སླར་གསོ་བྱེད་དཀའ་བའི་གནོད་སྐྱོན་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད་པ་སོགས་ལ་བརྟེན། གོང་དུ་གསལ་བའི་གཏམ་བཤད་ཁག་ནི་མ་ཡིན་ཡིན་ཚུལ་དང་། མ་ཡོད་ཡོད་ཚུལ་གྱི་རྣམ་པ་བསྟན་རྒྱུ་ཙམ་དང་། རྒྱལ་སྤྱི་དང་རྒྱ་མི་རིགས་ཚང་མར་མགོ་སྐོར་བསླུ་བྲིད་བྱ་རྒྱུའི་སྟོང་གཏམ་འབའ་ཞིག་ཡིན། ཅི་སྟེ་རྒྱ་ནག་འགོ་ཁྲིད་ཚོས་དེ་ལྟར་མིན་པ་ལྷག་བསམ་རྣམ་དག་དང་དོན་དམ་གྱི་ཐོག་ནས་བཤད་ཀྱི་ཡོད་པ་ཡིན་ཚེ་ས་གནས་ས་ཐོག་ཏུ་ལག་ལེན་དངོས་ཀྱི་ཐོག་ནས་མངོན་འགྱུར་ཡོང་བ་ངེས་པར་བྱེད་དགོས་པའི་རེ་འདུན་དང་འབོད་བསྐུལ་བྱ་རྒྱུ་ཡིན།

ཉེ་སྔོན་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་ཐོན་པའི་ནང། ཕྱི་ཟླ་ ༡༡ ཚེས་ ༤ ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཚོགས་འདུ་སྐོང་ཚོགས་བྱས་ནས་སྐོར་གཟིགས་ལས་དོན་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་བརྒྱུད་བསྒྲགས་སྐབས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཞི་པས་བོད་ལ་སྐོར་གཟིགས་བྱས་པའི་ཚུར་ལན་བསམ་འཆར་ནང་གི་དག་ཐེར་ལས་དོན་ལ་ཞིབ་འཇུག་བྱས་པ་ཟེར་བའི་ནང། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ལམ་ནན་ཏུ་བཏང་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ལ་སྟོང་བསམ་འཆང་བ་དང། རྗེས་སུ་འབྲངས་པ། ཁ་ཕྲལ་སིམ་འཛུལ་གྱི་གཏོར་བཤིག་བྱེད་སྤྱོད་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་ཏང་ཡོན་ལས་བྱེད་པར་བཅའ་ཁྲིམས་དང་སྒྲིག་ལམ་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་སོགས་འཁོད་འདུག་པ་དེ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་དོན་བདེན་མཐའ་གསལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་མཛད་དང་མཛད་བཞིན་པ་ཤེས་གསལ་ཡང་ཁ་ཕྲལ་རྩོད་ལུགས་ཀྱི་སྙོན་འཛུགས་དང་འབྲེལ་བའི་གཡོ་ཐབས་སྤྱད་དེ་བོད་མི་ཏང་ཡོན་ལས་བྱེད་པ་ཁྲིམས་ཐོག་བསྐྱལ་ཏེ་ཕམ་ཉེས་སུ་གཏོང་རྒྱུའི་ངན་བྱུས་ཤིག་བརྩམ་འགོ་བཙུགས་པར་སྙམ།

ཡང་འདི་ལོ་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བའི་ནང་། བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སྐོར་གྱི་དངོས་བྲིས་གློག་བརྙན་ཕབ་སྐྲུན་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཡོད་པ་དང། བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་ལ་དོ་དམ་བྱེད་ཚུལ་ཁྲིམས་ལུགས་ཅན་གྱི་ལམ་དུ་སྐྱོད་ཡོད་པ་མཚོན་ལུགས་སོགས་དང། ཡང་ཕྱི་ལོ་ ༢༠༠༧ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ ‘བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་ལ་དོ་དམ་བྱ་ཐབས་’ ཁྱབ་བསྒྲགས་བྱས་ཏེ་སྤྲུལ་སྐུའི་ལམ་སྲོལ་གྱི་རྩ་དོན་དང། ཆ་རྐྱེན། ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་སོགས་གཏན་འཁེལ་གསལ་པོ་བྱས་ལུགས་སོགས་ཀྱི་གནས་ཚུལ་ཐོན་འདུག་པ་ནི། རྒྱ་ནག་དམར་གཞུང་ཆོས་མེད་སྨྲ་བ་དང། ནང་ཆོས་ཀྱི་གནས་ལུགས་གང་ཡང་མི་ཤེས་པ་ཞིག་གིས་བོད་ཀྱི་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་ཐེ་བྱུས་ཀྱིས་ཁྲིམས་ལུགས་བཟོ་བ་ཟེར་བ་འདི་དག་ནི་ལོ་རྒྱུས་ཀྱི་གནས་བབ་དང་མི་མཐུན་ཞིང་། རྒྱ་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་དམིགས་ནས་བཟོས་པ་ཡིན་སྟབས་ཤིན་ཏུ་ནས་འོས་སུ་མ་མཆིས་པ་ཞིག་ཡིན་པས་སུས་ཀྱང་ངོས་ལེན་བྱ་ཐབས་མེད་ལ། མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན།

བོད་ལྗོངས་ཡོངས་སུ་ཆོས་ཀྱི་བསྟི་གནས་དགོན་སྡེ་སོགས་ལ་དམ་བསྒྲགས་ཅི་ཆེ་ཡོད་མུས་ལྟར། ཁམས་འབྲི་རུ་རྫོང་ཁོངས་སུ་ཡོད་པའི་བཙུན་དགོན་བྱ་མདའ་དགོན་པར་ཡང་རྒྱུན་དུ་རྒྱའི་དམ་བསྒྲགས་ཅི་ཆེ་ཡོད་པ་དང་། ལྷག་པར་འདི་ལོ་ཕྱི་ཟླ་ ༩ པ་ནས་བཟུང་རྒྱའི་ལས་དོན་རུ་ཁག་ཟེར་བ་ཆེས་མང་པོ་དགོན་པར་ཡོང་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པའི་བཙན་བཀའ་བཏང་ཡང་། བཙུན་མ་དེ་དག་གིས་ཁས་ལེན་མ་བྱས་པར་བརྟེན་བཙུན་མ་གྲངས་ ༢༦ ཙམ་ཕྱིར་འབུད་བཏང་སྟེ་དཀའ་ངལ་ཅི་ཆེའི་ནང་ལྷུང་ཡོད་པ་འདི་ཡང་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་དང་གནོན་ཤུགས་སྤྲོད་རྒྱུ་མཚམས་འཇོག་མི་བྱེད་པའི་མངོན་རྟགས་གསལ་ཐོན་བྱུང་བ་ཞིག་ཡིན།

ཉེ་སྔོན་ཤིན་ཧྭ་གསར་ཁང་ནས་གནས་ཚུལ་སྤེལ་བའི་ནང། བོད་ཀྱི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་རྫམ་ཆུ་ཤུགས་གློག་ཁང་ཟེར་བ་གསར་བསྐྲུན་ཟིན་ཏེ་གློག་གཏོང་འགོ་ཚུགས་ཡོད་གནས་ཐོན་འདུག དེ་ནི་བོད་ཀྱི་ཁོར་ཡུག་དང། རྒྱ་གར་དང་བྷང་ལ་རྡེ་ཤི་སོགས་ཀྱི་ནང་དུའང་གནོད་སྐྱོན་ཆེན་པོ་འགྲོ་ཉེན་ལ་སོང་རྒྱལ་ཁབ་དེ་དག་གི་གཞུང་དང་ཉམས་ཞིབ་པ་སོགས་ནས་ཐུགས་སྣང་ཆེ་ཙམ་གནང་དགོས་པའི་གལ་ཆེའི་དོན་གནད་ཅིག་ཆགས་ཡོད།

ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ནས་བཟུང་བོད་ནང་གཞིས་ལུས་རྒྱ་ཆེའི་མི་མང་ནས་མི་རབས་གསར་པ་ཚོས་སྣེ་ཁྲིད་པའི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་པ་དང། ལྷག་པར་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་སེར་སྐྱ་ཕོ་མོ་རྒན་དར་གཞོན་གསུམ་མི་གྲངས་ ༡༣༢ ཀྱིས་རང་གི་རྩ་ཆེའི་སྐུ་ལུས་མེར་བསྲེགས་ཀྱི་སྒོ་ནས་རང་གཞན་གཉིས་ཕན་གྱི་བྱ་གཞག་བཟང་པོ་སྒྲུབ་པའི་རེ་འདོད་ཀྱི་ལྷག་བསམ་བཟང་པོའི་ཀུན་ནས་བསླངས་ཏེ་བློས་གཏོང་ཆེན་པོ་གནང་དགོས་བྱུང་བ་དེ་དག་ཀྱང་རྒྱའི་དྲག་དཔུང་གི་དམ་བསྒྲགས་ཅི་ཆེའི་འོག་འགྲོ་བ་མིའི་ཐོབ་ཐང་ལ་ཚད་ལས་འདས་པའི་བརྡལ་བཤིག་བཏང་དྲགས་པའི་ཉེར་ལེན་གྱིས་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་དེ་རིང་གི་ཉིན་མོའི་གོ་སྐབས་འདི་བཞིན་དམ་འཛིན་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་འགན་འཁུར་དགོས་པའི་དྲན་སྐུལ་ནན་ཏན་བྱ་རྒྱུ་ཡིན།

གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་། དཔའ་མཛངས་སྙིང་སྟོབས་བླ་ན་མེད་པའི་མཛད་རྗེས་རྣམས་ལ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་ངང་མངོན་པར་བསྟོད་རྒྱུ་མ་ཟད། བོད་མིའི་འདོད་དོན་སྙིང་པོ་བོད་དོན་བདེན་མཐའ་མྱུར་དུ་གསལ་སླད་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། བཙན་བྱོལ་བོད་མི་ཡོངས་ནས་རྒྱལ་སྤྱིའི་ནང་འཚེ་མེད་ཞི་བའི་ལས་འགུལ་སྣ་མང་སྤེལ་དང་སྤེལ་བཞིན་པ་ལྟར་ད་དུང་མུ་མཐུད་སྤེལ་རྒྱུ་ཡིན།

ཡང་ང་ཚོས་དེ་རིང་གི་གཟི་བརྗིད་དང་། རྒྱལ་ཁའི་ཉིན་མོ་འདི་སྲུང་བརྩི་ཞུ་བ་དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལམ་སྟོན་མཛད་པ་ཁག་སྙིང་དབུས་སུ་བཅངས་ཏེ་འཛམ་གླིང་སྤྱི་དང་། བྱེ་བྲག་བོད་སྤྱིའི་འཕྲལ་ཕུགས་བདེ་དོན་ལ་སྨན་པའི་རང་རང་སྐབས་བབས་འཁུར་འཁྲིའི་ལས་འགན་ཞུ་སྒོར་འབད་འབུངས་ཧུར་བརྩོན་ཆེར་བསྐྱེད་གནང་དགོས་པ་ནི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་། དུས་དྲན་ཉིན་མོ་སྲུང་བརྩི་ཞུ་བའི་དགོས་དོན་སྙིང་པོ་ཡིན་པས་ཚང་མའི་ཐུགས་ལ་འཇགས་ནས་ཉིན་རེའི་འཚོ་བའི་ནང་ཕྱག་ལེན་གནང་རོགས་ཞེས་བསྐུལ་མ་ནན་ཏན་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་དང་བསྟུན་དེ་རིང་ཉིན་རྒྱབ་ནས་ཉིན་ཤས་རིང་བཞུགས་སྒར་རྡ་རམ་ས་ལར་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་དང་འབྲེལ་ས་གནས་ཡུལ་མི་རྣམས་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ལ་ཆེ་བསྟོད་ཞུ་བ་དང། ཧིན་བོད་མི་མང་དབར་མཛའ་བརྩེའི་ལར་ཞེན་གཡོ་བ་མེད་པའི་རྣམ་པ་མཚོན་གྱི་ཡོད་སྟབས། ཧི་མ་ལ་ཡའི་དུས་སྟོན་གོ་སྒྲིག་འགན་བཞེས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་དབུས་སའི་གཞུང་དང། མི་མང་གིས་ང་ཚོར་ཕན་གྲོགས་གནང་བའི་བཀའ་དྲིན་ནི་དུས་ནམ་ཡང་བརྗེད་ཐབས་མེད་པས་ད་རེས་སླར་ཡང་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང། ད་དུང་ཧིན་བོད་གཉིས་ཀྱི་མི་མང་དབར་མཛའ་མཐུན་གོང་འཕེལ་མུ་མཐུད་གནས་རྒྱུར་ཚང་མས་མཉམ་རུབ་རྒྱུན་བསྲིངས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་བཅས་དང།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང། ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང། འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཞི་བདེ་འབྱུང་བ་དང། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ལ།།

Share with your friends










Submit