ཟླ་བ་ ༡༢ ཚེས ༡༠ ༢༠༡༤

༢༠༡༤ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ལྷག་པ།

Lobsang-Sangay-at-Tsulakhang-march-10-2012-tibetoday༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ ༢༥ འཁོར་བའི་དུས་ཆེན་དམིགས་བསལ་ཅན་གྱི་ཉིན་མོ་འདིར། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས། གཞིས་བྱེས་བོད་མི་ཡོངས་དང་། འཛམ་གླིང་གང་སར་གནས་པའི་བོད་ཀྱི་གྲོགས་པོ་རྣམས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

ནོར་ཝེ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ཆེ་བསྟོད་ཚིག་བརྗོད་ནང་ ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་བདེན་དོན་འཐབ་རྩོད་འཚེ་མེད་ཞི་བའི་ལམ་དུ་འཁྲིད་གནང་མཛད་པར་གཟེངས་བསྟོད་ཞུ་རྒྱུ་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་ཆོས་རིག་གོམས་གཤིས་སྲུང་སྐྱོབ་བྱ་ཆེད་གཉིས་མོས་གུས་བརྩི་དང་གུ་བཤངས་ཀྱི་ལམ་ནས་བོད་དོན་འགྲིག་འཇགས་ཡོང་ཐབས་གནང་བཞིན་ཡོད། ཅེས་གསལ་བ་ལྟར། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དགོངས་བཞེས་དང་མཛད་རྗེས་ལ་གཟེངས་བསྟོད་གུས་བཀུར་ཆེན་པོ་ཞུས་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དགྱེས་བཞེས་མཛད་པ་དེས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་རིན་ཐང་དང་ཆེ་མཐོང་སྔར་ལྷག་གོང་མཐོར་སོང་ཡོད། དེ་མཚུངས་རྒྱལ་སྤྱིའི་ཐོག་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་གྱི་གནས་ཚད་མཐོ་རུ་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད། རྒྱུན་དུ་མགོན་པོ་གང་ཉིད་ནི་ནང་པའི་དགེ་སློང་ཞིག་ཡིན་གསུང་གིན་ཡོད་ནའང། འཛམ་གླིང་གི་མི་འབོར་ས་ཡ་མང་པོས་བྱམས་སྙིང་རྗེ་དང། འཚེ་མེད་ཞི་བདེའི་བདག་ཉིད་དུ་ངོས་འཛིན་བརྩི་བཀུར་ཞུ་བཞིན་ཡོད།
ཁྱད་པར། ༧གོང་ས་༧སྐྱབས་མགོན་ཆེན་པོའི་གསང་གསུམ་གྱི་མཛད་འཕྲིན་རྣམས་བོད་དང་བོད་མིའི་བདེ་དོན་ཁོ་ན་མ་ཡིན་པར། འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་བདེ་དོན་ཆེད་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་དག་སྣང་སྦྱོང་ཐབས། བོད་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་གནང་རྒྱུ་བཅས་ཀྱི་མཛད་ཆེན་རྣམ་གསུམ་མམ། ལྷག་བསམ་ཐུགས་བསྐྱེད་གསུམ་གྱི་ཉམས་བཞེས་ཐུགས་དམ་གྱི་མཐིལ་དུ་མཛད་པ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ཞི་བདེ་དང་དྲང་བདེན་གྱི་འོད་སྣང་སྩོལ་བའི་རླབས་ཆེའི་དབུ་འཁྲིད་ཅིག་དང་། རྒྱལ་ཁབ་དང་མི་རིགས་ཆོས་ལུགས་བཅས་ཀྱི་དབྱེ་བ་མེད་པར་ཀུན་གྱིས་དགའ་མོས་གུས་བཀུར་ཆེ་ཤོས་ཞུ་ཡུལ་ཞིག་ཏུ་གྱུར་ཅིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ད་བར་གྲགས་ཅན་གྱི་གཙུག་ལག་སློབ་གཉེར་ཁང་དང་། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྒྲིག་འཛུགས་ཁག་ནས་གུས་བཀུར་ཆེ་བསྟོད་ཀྱི་གཟེངས་རྟགས་གྲངས་ ༡༥༡ འབུལ་གནང་མཛད་ཡོད། རྒྱལ་ཁབ་འདྲ་མིན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དབུ་འཁྲིད་ཚོས་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དབུ་འཁྲིད་ཚོའི་ཁྲོད་ནས་ཆེན་པོའི་ཆེན་པོ་ལྟ་བུ་རེད་ཅེས་བཅོས་མིན་གྱི་བསྔགས་བརྗོད་ཞུ་བཞིན་ཡོད།

དེ་བཞིན་དེ་སྔ་ནང་པ་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་རྣམས་མཐོང་ཐོས་མ་མྱོང་བའི་གླིང་ཆེན་ལྔ་ཡི་རྒྱལ་ཁབ་ཁག་ཏུ་༧ཞབས་ཀྱི་པད་མོ་རྣམ་པར་བཀོད་དེ་གང་འདུལ་འཕྲིན་ལས་ཀྱི་འོད་སྣང་ཕྱོགས་བཅུར་སྤྲོ་བཞིན་སྐྱེ་འགྲོ་གྲངས་ལས་འདས་པའི་འདི་ཕྱིའི་རེ་འདོད་བསྐང་བར་མཛད་པ་དང་། ཡེ་ཤུའི་བླ་ཆེན་པོབ་ཀྱིས་གཙོས་ཆོས་ལུགས་ཁག་གི་དབུ་འཁྲིད་དང། རྒྱབ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན། གྲོས་ཚོགས་ཀྱི་འཐུས་མི་སོགས་ཆབ་སྲིད་ཀྱི་འགོ་འཁྲིད་དང་། ཚན་རིག་པ། མཁས་པ། ན་གཞོན་སློབ་ཕྲུག་དང་མང་ཚོགས། དེ་བཞིན་དབུལ་ཞིང་ཕོངས་པའི་ནད་པ་དང་ཉམ་ཐག་སོགས་སྐྱེ་བོ་གྲངས་ལས་འདས་པ་མཇལ་འཕྲད་ཀྱིས་བྱམས་བརྩེ་དང། ཡ་རབས་བཟང་སྤྱོད། ཞི་བདེའི་ལེགས་སྐྱེས་སྤེལ་བཞིན་དབུགས་དབྱུང་བར་མཛད་ཅིང་། བོད་ཀྱི་བདེན་དོན་འཐབ་རྩོད་ལའང་རྒྱབ་སྐྱོར་གོང་མཐོར་སྤེལ་གནང་མཛད་ཡོད། མགོན་པོ་གང་གི་བཀའ་སློབ་གསུང་བཤད་རྣམས་སྐད་ཡིག་འདྲ་མིན་ཐོག་ཕབ་བསྒྱུར་གྱིས་དེབ་གྲངས་ས་ཡ་མང་པོ་པར་སྐྲུན་འགྲེམས་སྤེལ་ཞུས་དང་ཞུ་བཞིན་ཡོད།

འཛམ་གླིང་གང་སར་ལོ་རེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་མཛད་འཕྲིན་རྒྱས་པ་ལ་བརྟེན་ནས་བོད་དོན་དྲིལ་བསྒྲགས་དང་བོད་ཀྱི་བདེན་པའི་གནད་དོན་ལ་ཤ་ཚ་རྒྱབ་སྐྱོར་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པ་དང་། ལྷག་དོན་བོད་དོན་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་མི་རིགས་གཉིས་ཀའི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་དགོངས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདོན་གནང་མཛད་པར། བོད་རྒྱ་ཆེའི་མང་ཚོགས་ཀྱིས་མང་གཙོའི་ལམ་ལུགས་དང་མཐུན་པར་མང་མོས་རྒྱབ་སྐྱོར་ཚད་མཐོའི་སྒོ་ནས་འདི་ཉིད་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཏུ་གྱུར་ཡོད། ཕྱི་ལོ་ ༡༩༧༩ ནས་བཟུང་སྐུ་ཚབ་ཕན་ཚུན་དབར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ངོ་བོའི་ཐོག་ནས་འབྲེལ་མོལ་ཐེངས་ཉི་ཤུ་ལྷག་བྱུང་ཡོད་པ་དང་། ཁྱད་པར་ཕྱི་ལོ་ ༢༠༠༢ ལོར་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱུང་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་ཐེངས་དགུ་བྱུང་སྐབས།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་དང་རང་ཁྱིམ་རང་བདག་གི་ཐོབ་ཐང་རྣམས་ཇི་བཞིན་ལག་བསྟར་ཐུབ་པ་ཡོང་ཆེད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་གཉིས་རྒྱ་ནག་གཞུང་ལ་སྤྲད་ཡོད་ཀྱང་། ད་བར་རྒྱ་ནག་གཞུང་གིས་མུ་མཐུད་མཁྲེགས་བཟུང་ཁོ་ན་ལས་བཟང་ཕྱོགས་ཀྱི་ཡ་ལན་བྱུང་མེད། ཉེ་སྔོན་རྒྱ་ནག་གཞུང་གིས་རྩ་ཁྲིམས་ཀྱི་གལ་འགངས་ངོས་འཛིན་དང་གསལ་སྟོན་བྱ་ཆེད་དུ་དམིགས་ཏེ་ཕྱི་ཟླ་ ༡༢ ཚེས་ ༤ དེ་བཞིན་རྒྱལ་ཡོངས་རྩ་ཁྲིམས་ཀྱི་ཉིན་མོར་སྲུང་བརྩི་བྱ་རྒྱུའི་གཏན་འབེབས་བྱས་འདུག གལ་སྲིད་རྒྱ་ནག་གཞུང་གིས་དོན་དངོས་ཐོག་རྩ་ཁྲིམས་ཀྱི་གལ་འགངས་ངོས་འཛིན་བྱེད་ཀྱི་ཡོད་ན་རྩ་ཁྲིམས་ནང་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཆ་རྐྱེན་ཁག་མིང་དོན་མཚུངས་པར་ལག་བསྟར་དགོས་པ་ཡིན།

གཉིས་སྨན་དབུ་མའི་ལམ་གྱི་མཛད་བྱུས་རྨད་དུ་བྱུང་བ་འདི་ལ་བརྟེན་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། གྲོས་ཚོགས། ཆབ་སྲིད་ཀྱི་གནད་དོན་མི་སྣ་བཅས་མང་པོས་མངོན་གསལ་དོད་པོའི་སྒོ་ནས་བོད་དོན་ལ་རྒྱབ་སྐྱོར་དང། རྒྱ་ནག་གཞུང་དང་མཉམ་བོད་དོན་གླེང་སློང་བྱེད་ཐུབ་པ་བྱུང་ཡོད། དེ་མཚུངས་ལོ་རེ་བཞིན་རྒྱ་རིགས་མཁས་པ་དང་ཤེས་ཡོན་ཅན་གྱི་ཁྲོད་བོད་མིའི་བདེན་དོན་ལ་ཤ་ཚ་རྒྱབ་སྐྱོར་དང་གོ་རྟོགས་ཇེ་ཆེར་འགྲོ་དང་འགྲོ་བཞིན་པ་ལྟར། བཀའ་ཤག་ནས་མུ་མཐུད་ཆོད་སེམས་བརྟན་པོའི་སྒོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་བྱས་དང་བྱ་མུས་ཡིན། དེ་བཞིན་རིང་མིན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན།

གཞན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་ལ་བརྟེན་ནས་འདས་པའི་ལོ་ངོ་ལྔ་བཅུ་ལྷག་སྤྱི་དང་། ལྷག་པར་འདས་ལོ་ཉི་ཤུ་ལྷག་ཙམ་འདིའི་རིང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཡར་རྒྱས་ཤུགས་ཆེ་ཤོས་ཕྱིན་ཡོད། ཕྱི་ལོ་ ༡༩༩༡ ལོར་ཁྲིམས་སྒྲིག་ཀུན་གྱི་གཞི་མ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གནང་བ་དང་། དེ་འབྲེལ་འཛིན་སྐྱོང་བཀའ་བློན་རྣམ་པ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐད་བསྐོ་གནང་མི་དགོས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འོས་འདེམས་གནང་གི་ཡོད། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་འགོ་ཚུགས་པ་དང་། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་གིས་འོས་འདེམས་ཞུས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་བཀའ་ཟློག་མེད་ཕེབས་པ་བརྒྱུད་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་འཕེལ་རིམ་ཡོངས་སུ་རྫོགས་པར་མཛད་པ་སོགས་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་བོད་མི་རིགས་ཀྱི་འཐབ་རྩོད་མུ་མཐུད་གནས་ཐབས་ཀྱི་བཀའ་དྲིན་བསམ་བརྗོད་ལས་འདས་པ་བསྐྱངས་གནང་མཛད་ཡོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན། མགོན་པོ་གང་ཉིད་ནས་དགུང་གྲངས་ ༡༦ ཐོག་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་པ་ནས་ད་བར་བོད་མི་ཡོངས་ལ་མ་ཡི་བུ་ལ་བརྩེ་བ་ལྟར་བཀྲིན་བླ་ན་མེད་པ་སྐྱོང་གནང་མཛད་ཡོད་པར་བོད་མི་ཡོངས་ཀྱིས་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཞུ་ཡི་ཡོད། དེར་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དྲིན་གྱི་ཆ་ཟུར་ཙམ་གསབ་ཆེད་བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ འདི་བཞིན་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུས་དང་ཞུ་བཞིན་པ་ལྟར། ཚོགས་པ་སྐྱིད་སྡུག་དང་སྒྲིག་འཛུགས་ཁག དེ་བཞིན་ཁྱིམ་ཚང་དང་ཉམས་མྱོང་ཅན་གྱི་མི་རབས་རྒན་གྲས་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཛད་འཕྲིན་དང་བླ་ན་མེད་པའི་དགོངས་བཞེད་རྣམས་མི་རབས་གསར་པ་ཚོའི་སེམས་ནང་མ་བརྗེད་པར་གནས་ཕྱིར་ངོ་སྤྲོད་འགྲེལ་བརྗོད་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།

ཉེ་སྔོན་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་དང་བསྟུན་ཏེ་༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨི་རན་ནས་ཡིན་པ་ལྕམ་ཤི་རིན་ཨི་བྷ་དྷི་དང་། ཨ་རི་ནས་ཡིན་པ་ལྕམ་ཇོ་ཌི་ཝི་ལེ་ཡེམས་རྣམ་གཉིས་ཆེད་མངགས་བཞུགས་སྒར་དུ་གདན་ཞུས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ ༢༥ འཁོར་བའི་དམིགས་བསལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་མཛད་སྒོ་རྒྱས་པ་ཞིག་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་དགའ་སྤྲོ་ཆེ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བྱང་ཨའི་ཡེར་ལེནཌ་ཡི་བྷེ་ཊི་ཝི་ལེམས་དང། ལྷོ་ཨཕི་རི་ཀའི་ཆོས་དཔོན་ཌེ་སེ་མོནཌ་ཊུ་ཊུ་དང་། ནེལ་སོན་མན་ཌེ་ལ། ཌི་ཀཱ་ལཀ། འབར་མའི་ལྕམ་ཨང་སན་སཱུ་སྐྱིད། ཤར་ཏི་མུར་གྱི་ཇཱོ་སེ་ར་མོ་ཧོརཏ་བཅས་ཀྱིས་ཇི་ལྟར་འཐབ་རྩོད་དང་དགོས་འདུན་བཏོན་པ་ལྟར་མཐའ་མའི་འབྲས་བུར་རང་དབང་དང་མང་གཙོའི་ཐོབ་ཐང་བདག་ཐོབ་བྱུང་ཡོད་པ་བཞིན་ད་ཆ་མགོན་པོ་གང་གི་ཕུགས་བཞེད་ཀྱང་འགྲུབ་པའི་དུས་སུ་བབ་ཡོད། ཉེ་སྔོན་ལྷོ་ཨཕ་རི་ཀར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ཚོགས་འདུ་དེ་བཞིན་༧གོང་ས་༧སྐྱབས་མགོན་མཆོག་ལ་ཐོངས་མཆན་མ་ཕུལ་བའི་རྐྱེན་གྱིས་འཚོགས་ཐུབ་མེད་ཀྱང་། ད་རེས་ཨི་ཊ་ལིའི་རྒྱལ་ས་རོམ་དུ་འཚོགས་གཏན་འཁེལ་ཡོད་པར་དགའ་བསུ་ཞུ་རྒྱུ་ཡིན།

དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་སྟབས། འཛམ་གླིང་གང་སར་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་སྟེ་ལོ་ ༦༦ ཕྱིན་ཟིན་ནའང་བོད་ནང་མུ་མཐུད་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་རེད། རྒྱ་ནག་གི་བཙན་འཛུལ་ལ་བོད་མི་ཚོས་ཕྱི་ལོ་ ༡༩༥༩ ལོར་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་བ་ནས་བཟུང་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་མུ་མཐུད་ཞི་རྒོལ་གྱེན་ལངས་བྱས་དང་བྱེད་བཞིན་པ་རེད། ཁྱད་པར་ཕྱི་ལོ་ ༡༩༨༧ ནས་ ༡༩༨༩ བར་ལྷ་སར་བྱུང་བའི་ཞི་བའི་གྱེན་ལངས་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་གནས་ཚུལ་རྣམས་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་ཅིང་། བོད་ཆོལ་ཁ་གསུམ་ནང་ཡོད་པའི་བོད་རིགས་ཡོངས་རྫོགས་སྔར་ལྷག་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཐོག་གནས་པ་གསལ་སྟོན་བྱས་ཡོད། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ཆོལ་ཁ་གསུམ་ནང་བོད་མི་ཚོས་རང་ལུས་མེར་སྲེག་གིས་ཛ་དྲག་གནས་སྟངས་རིམ་བསྟུད་དུ་བྱུང་ཡང་། རྒྱ་ནག་གཞུང་གིས་མུ་མཐུད་ཡ་ང་སྙིང་རྗེ་མེད་པར་བོད་མིའི་ཐོག་ཆབ་སྲིད་ཀྱི་དམ་བསྒྲགས་དང་། དཔལ་འབྱོར་ཟུར་འབུད། མི་རིགས་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་པ་རེད། རང་ལུས་མེར་སྲེག་གཏོང་མཁན་གསོན་པོར་བཞུགས་པ་ཞིག་གིས་ཉེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་གསལ་བརྗོད་བྱས་པར། རྒྱལ་ཁབ་གཞན་ལྟར་ང་ཚོར་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་མེད་ལ། ང་ཚོའི་ཆོས་ཀྱི་བླ་ན་མེད་དབུ་འཁྲིད་ཀྱང་བོད་ནང་ཕྱིར་ཕེབས་བཅུག་གི་མེད། རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་ལ་བཟོད་མ་ཐུབ་པར་རང་ལུས་མེར་སྲེག་གིས་ལམ་ནས་ངོ་རྒོལ་བྱས་པ་ཡིན་ཞེས་བོད་ས་ཡོངས་ལ་དམ་བསྒྲགས་བྱེད་བཞིན་པའི་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད།

ཇི་སྲིད་འཛམ་གླིང་གི་ཕྱོགས་གཅིག་ལ་གདུག་རྩུབ་དྲག་གནོན་ཡོད་བཞིན་པ་དེ་སྲིད་དུ་འཛམ་གླིང་ནང་དྲང་བདེན་དང་མང་གཙོའི་སྤྱི་ཚོགས་ཡང་དག་པ་ཞིག་ཡོང་ཐབས་མེད་པ་ཤེས་གསལ་རེད། དེར་བརྟེན་དེ་རིང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་ནས་ལོ་ ༦༦ འཁོར་བའི་ཉིན་མོར་བཀའ་ཤག་གིས་ནན་བརྗོད་ཞུ་རྒྱུར། བོད་ནང་དྲག་གནོན་དང་ཛ་དྲག་གི་གནས་སྟངས་ཡོད་བཞིན་པ་རྣམས་མཚམས་འཇོག་བྱ་རྒྱུའི་ཐབས་ལམ་གཅིག་ཡོད་པ་དེ་ནི། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ཁག་བསྒྱུར་བཅོས་བཏང་སྟེ། བོད་མིའི་མངོན་འདོད་ལ་བརྩི་བཀུར་དང་ལེན་བྱ་རྒྱུ་དེ་ཡིན།

རྒྱ་ནག་གཞུང་གི་དྲག་གནོན་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་གཞིས་བཞུགས་བོད་རིགས་སྤུན་ཟླ་སྤྱི་དང་། ཁྱད་པར་མ་ཉེས་ཁ་གཡོགས་ཀྱི་ཉེས་མིང་འདྲ་མིན་འོག་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང། བྱ་བྲལ་རིན་པོ་ཆེ། དེ་མཚུངས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བཙོན་འཇུག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་གློད་གྲོལ་མྱུར་དུ་ཐོབ་པ་དང་ཁོང་ཚོའི་དཔའ་མཛངས་སྙིང་སྟོབས་ལ་རྗེས་དྲན་གུས་འདུད་ཞུ་རྒྱུ་དང་། ད་ལྟ་ཁོང་ཚོའི་ལུས་སེམས་ཀྱི་གནས་བབ་དང་འབྱུང་འགྱུར་གནས་སྟངས་ཇི་ཆགས་ཐད་འཛམ་གླིང་ཤེས་ལྡན་མི་མང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་ཡོད། དེ་བཞིན་བོད་ནང་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཆེད་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོའི་ལས་འགུལ་བའི་དག་གི་མངོན་འདོད་འགྲུབ་རྒྱུ་དང་། རྒྱ་རིགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་བཙོན་གྲོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

ད་བར་རྒྱ་གར་དབུས་དང་མངའ་སྡེའི་གཞུང་མང་གཉིས་ནས་བོད་མི་རིགས་ཀྱི་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་གཏོང་ཕོད་ཆེན་པོའི་སྒོ་ནས་མཐུན་འགྱུར་རོགས་རམ་གནང་བར་བརྟེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ནུས་པ་ལྡན་པ་ཞིག་ཏུ་འགྱུར་ཐུབ་ཡོད་པར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། རྒྱ་གར་དབུས་གཞུང་ནས་ཉེ་ཆར་སྐྱབས་བཅོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གསལ་བསྒྲགས་གཏན་འབེབས་གནང་བ་དང། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་གནས་སའི་ཧི་མ་ཅལ་མངའ་གཞུང་ལ་ཡང་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་ནང་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་བར་དགའ་སྤྲོ་ཆེ། ད་རེས་ཀྱི་གོ་སྐབས་བཟུང་སྟེ་རྒྱལ་སྤྱིའི་ཁྱོན་ཡོངས་ལ་གནས་པའི་བོད་མིའི་བདེན་དོན་འཐབ་རྩོད་ལ་ཤ་ཚ་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་དང། དབུ་འཁྲིད། གྲོས་ཚོགས་དང་གྲོས་ཚོགས་ཀྱི་འཐུས་མི། ཚོགས་པ་སྒྲིག་འཛུགས། མི་སྒེར་བཅས་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཤུགས་དྲགས་དང་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ལ།།

Share with your friends










Submit