ཟླ་བ་ ༩ ཚེས ༢ ༢༠༡༤

༢༠༡༤ ཟླ་ ༩ ཚེས་ ༢ རེས་གཟའ་མིག་དམར།

sikyong༅༅། །དེ་རིང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༤ འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་འདིར་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་ལུགས་སུ་བསྒྱུར་གནང་མཛད་རྒྱུའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་དང་ཡང་དག་པའི་དབུ་འཁྲིད་ལམ་སྟོན་ལ་བརྟེན་ནས་འདས་པའི་མི་ལོ་ལྔ་བཅུ་ལྷག་རིང་མང་གཙོའི་ལམ་ལུགས་ཐོག་གོམ་པ་རིམ་སྤོས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་འཛིན་སྐྱོང་གི་སྒྲོམ་གཞིར་གཞི་རྩའི་ཆ་ནས་འགྱུར་བ་རླབས་ཆེན་ཕྱིན་པ་མ་ཟད། མུ་མཐུད་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པ་འདི་དག་ནི་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་དང་། ཁྱད་པར་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོར་མཚོན་ནའང་དགའ་སྤོབས་བྱ་ཡུལ་དང་སེམས་འགུལ་ཐེབས་གཞི་ཞིག་ཡིན་པ་སྨོས་ཅི་དགོས།

ང་ཚོས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་ལོ་རྒྱུས་རང་བཞིན་ཅན་གྱི་འགྱུར་བ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་བྱུང་བའི་འགྱུར་བ་ཆེ་ཤོས་གཉིས་པ་ལྟ་བུ་ཆགས་ཡོད། འགྱུར་བ་དང་པོ་དེ་ནི་མི་ལོ་ཆིག་སྟོང་ལྷག་གོང་བོད་དུ་ནང་ཆོས་དར་བ་ལ་བརྟེན་ནས་བྱུང་ཞིང་། བོད་ཁམས་ཡོངས་ལ་ནང་ཆོས་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པའི་དབང་གིས་བོད་མིའི་བསམ་སྤྱོད་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞི་རྩའི་ཆ་ནས་འགྱུར་བ་ཕྱིན་པ་མ་ཟད། འཛམ་གླིང་ཡོངས་ལ་འོད་སྣང་སྦྱིན་ཐུབ་པའི་སྐྱེས་ཆེན་དམ་པ་མང་པོ་བྱོན་པ་དང་། རིས་མེད་བཤད་སྒྲུབ་ཀྱི་ལྟེ་གནས་གདན་ས་ཆེན་པོ་གྲངས་ལས་འདས་པ་ཞིག་གསར་བཞེངས་བྱུང་བ་རྣམས་བོད་རྒྱུད་ནང་ཆོས་ཀྱི་དཔལ་ཡོན་དར་སྤེལ་བྱེད་སའི་འབྱུང་ཁུངས་ཆགས་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ལུགས་གསོལ་རས་གནང་བ་ལ་བརྟེན་ནས་བོད་མི་རྣམས་མ་འོངས་པར་སོ་སོའི་རྐང་པའི་ཐོག་ལངས་ཐུབ་པ་དང་། བོད་དོན་བདེན་པའི་འཐབ་རྩོད་ཀྱི་ལས་འགན་མང་ཚོགས་ནས་ཁུར་རྒྱུའི་འགན་དབང་གནང་ཡོད་སྟབས། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སྔར་ལྷག་འབད་རྩོལ་ལྷོད་པ་མེད་པར་བྱ་རྒྱུ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་གི་སྐྱོང་ཡུལ་བསིལ་ལྡན་ཁ་བའི་ལྗོངས་སུ་༸ཞབས་སོར་འཁོད་དེ་གཞིས་བྱེས་མཉམ་འཛོམས་ཀྱི་གོ་སྐབས་མ་བྱུང་གི་བར་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་འཐབ་རྩོད་མུ་མཐུད་བྱ་དགོས་པ་ཡིན།

ང་ཚོའི་ཕུགས་དམིགས་གང་མྱུར་བོད་དོན་བདེན་མཐའ་གསལ་ཐབས་བྱེད་པ་དང་ཆབས་ཅིག ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་བཙན་བྱོལ་དུ་གནས་པའི་རིང་མང་གཙོའི་སྒྲིག་འཛུགས་དང་དེའི་ལག་ལེན་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་བ་བྱ་དགོས། དེ་ཡང་མང་གཙོའི་སྒྲིག་འཛུགས་ཡར་རྒྱས་གཏོང་རྒྱུའི་ཆ་ཤས་གལ་ཆེ་བ་གཅིག་ནི་ང་ཚོས་མང་གཙོའི་ཐོབ་ཐང་བེད་སྤྱོད་ལོག་པར་མ་སོང་བྱ་རྒྱུ་དེ་ཡིན། དཔེར་ན་སྨྲ་བརྗོད་རང་དབང་ནི་མང་གཙོའི་རིང་ལུགས་ཀྱི་ཀ་བ་བཞི་པ་ལྟ་བུ་ཆགས་ཡོད། འོན་ཀྱང་སྨྲ་བརྗོད་རང་དབང་གི་གོ་དོན་རྒྱུ་མཚན་ཁུངས་ལུང་མེད་པར་གང་བྱུང་སྐྱོན་བརྗོད་བྱེད་ཆོག་པའི་དོན་མ་ཡིན་པ་གསལ་པོ་རེད། དཔེར་ན་སྲིད་བྱུས་བྱེ་བྲག་པ་གཅིག་ལ་མོས་མཐུན་མེད་མཁན་ཞིག་ཡིན་ན། སོ་སོས་མོས་མཐུན་བྱེད་མ་ཐུབ་པའི་རྒྱུ་མཚན་རྣམས་གང་ཟག་སྒེར་ལ་སྐྱོན་བརྗོད་དང་འཁོན་འཛིན་མེད་པའི་སྒོ་ནས་གསལ་སྟོན་བྱེད་ཐུབ་པ་ཞིག་དགོས། དེ་ལྟར་བྱས་ན་མང་གཙོའི་ལམ་ལུགས་དང་མཐུན་པར་དོན་སྙིང་ལྡན་པའི་བགྲོ་གླེང་ཡོང་རྒྱུ་དང་། མང་ཚོགས་ནས་ཀྱང་དངོས་ཡོད་གནས་ཚུལ་ཤེས་པར་ཕན་ཐོགས་ཡོད།

མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཡོང་ཆོག་པ་དང་། བསམ་ཚུལ་མི་འདྲ་བ་ཡོད་པ་དེ་དག་འགལ་རྐྱེན་མ་ཡིན་པར་མཐུན་རྐྱེན་དུ་བསྒྱུར་བ་ནི་མང་གཙོའི་རིང་ལུགས་ཀྱི་ཁྱད་ཆོས་ཡིན་ཞིང། ད་ལྟའི་ཆར་བཙན་བྱོལ་བོད་མིའི་མང་གཙོའི་ལང་ཚོ་ནར་སོན་བཞིན་པའི་སྐབས་ཡིན་སྟབས། མང་ཚོགས་ཁྲོད་བསམ་འཆར་སྤེལ་རེས་བྱེད་སྐབས་གང་བྱུང་བཤད་པ་ཙམ་མ་ཡིན་པར་ཁུངས་ལུང་ལྡན་པ་གནང་གལ་ཆེ་བ་དང་། མང་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་པ་དང་མཉམ་མང་གཙོའི་ལས་འགན་ཡང་སྒྲུབ་དགོས། ཁྱད་པར་བོད་སྤྱིའི་རྩ་དོན་དང་བོད་མིའི་གོང་བུ་གཅིག་སྒྲིལ་གྱི་ནུས་ཤུགས་མ་ཉམས་པ་ཞིག་དགོས་རྒྱུ་གནད་ཀྱི་དོན་པོར་སྣང་།

ད་ལྟའི་ཆར་བོད་ནང་གནས་སྟངས་ཧ་ཅང་ཛ་དྲག་ཇེ་ཆེར་འགྲོ་བཞིན་པ་ནི་ཀུན་གྱིས་ཤེས་གསལ་རེད། ཟླ་བ་སྔོན་མའི་ནང་བོད་ཀྱི་ཤར་ཕྱོགས་དཀར་མཛེས་ཁུལ་ཤུག་པ་སྡེ་པའི་སྡེ་དཔོན་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་འོག་འཛིན་བཟུང་བཙོན་འཇུག་བྱས་པ་གློད་འགྲོལ་ཡོང་ཐབས་སུ་མང་ཚོགས་ཀྱིས་ཞི་རྒོལ་བྱས་པར་ཉེན་རྟོག་མི་སྣས་མེ་མདའ་བརྒྱབས་ཏེ་བོད་མི་གཉིས་རྐྱེན་ལམ་དུ་བཏང་བ་དང་། མི་མང་པོར་རྨས་སྐྱོན་ཚབས་ཆེན་བཟོས་པའི་གནས་ཚུལ་བྱུང་འདུག ད་དུང་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ཤུག་པ་སྡེ་པའི་ནང་མི་འབོར་བདུན་བརྒྱ་ཙམ་ཡོད་པ་ནས་རྒས་འཁོགས་དང་ལོ་ཆུང་བྱིས་པ་རྣམས་མ་གཏོགས་མང་ཆེ་བ་འཛིན་བཟུང་བཀག་ཉར་འོག་བཞག་ཡོད་འདུག

གོང་གསལ་དོན་རྐྱེན་འདི་དག་བྱུང་བ་དང་དུས་མཉམ་ལྟ་བུར་ལྷ་སར་རྒྱ་ནག་གཞུང་གི་གོ་སྒྲིག་འོག་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཟེར་བའི་ཚོགས་འདུ་ཚོགས་ནས་རྒྱ་ནག་གཞུང་དང་ལྟ་སྤྱོད་མཐུན་པའི་མི་སྣ་འབའ་ཞིག་མགྲོན་འབོད་བྱས་ཏེ་བོད་ནང་ཞི་བདེ་ལྷིང་འཇགས་དང་བོད་མི་རྣམས་འདོད་བློ་ཚིམས་ངེས་ཡོད་ཚུལ་གྱི་དྲིལ་བསྒྲགས་རྒྱ་ཆེ་སྤེལ་རུང་། རང་དབང་ལྡན་པའི་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་གཏོང་ཐུབ་ཐབས་མེད། རྒྱ་ནག་གཞུང་གི་མགྲོན་འབོད་ལྟར་སྔོན་ཚུད་ནས་གྲ་སྒྲིག་ཟིན་པའི་གནས་སྟངས་འོག་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་མི་ཐུབ་པ་གསལ་པོ་རེད། དཔེར་ན་ཤུག་པ་སྡེ་པའི་ནང་མང་ཚོགས་ལ་མེ་མདའ་བརྒྱབས་པའི་གནས་ཚུལ་དེ་གོང་གསལ་ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་གྱི་མི་སྣ་ག་ཚོད་ཀྱིས་ཤེས་རྟོགས་ཐུབ་པ་བྱུང་ཡོད་མིན་ཐེ་ཚོམ་རེད། དེ་འདྲ་སོང་ཙང་གལ་སྲིད་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱས་པ་ལྟར་བོད་ནང་ཞི་བདེ་ལྷིང་འཇགས་དང་བོད་མི་རྣམས་འདོད་བློ་ཚིམས་ངེས་ཡོད་ན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་རྣམས་ལ་བོད་ནང་དམ་བསྒྲགས་མེད་པར་རང་དབང་གི་སྒོ་ནས་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུའི་གོ་སྐབས་སྤྲད་དགོས།

རྒྱ་ནག་གཞུང་གིས་བོད་ནང་འདི་ལྟར་མི་སྤྱོད་ལས་འདས་པའི་དྲག་གནོན་ཚབས་ཆེན་བྱས་དང་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་མ་བྱེད་ཐབས་མེད་རེད། ཤུག་པ་སྡེ་པར་ཉེན་རྟོག་མི་སྣས་མང་ཚོགས་ཐོག་མེ་མདའ་བརྒྱབས་པའི་དོན་རྐྱེན་དེ་ནི་བོད་མི་ཚོས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་དཔེ་མཚོན་གཅིག་རེད། དེ་ལྟ་བུའི་བཟོད་དཀའ་བའི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཆེད་དང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་སླེབས་ཐབས་སུ་ད་བར་བོད་མི་བརྒྱ་དང་སུམ་ཅུ་ཡིས་རང་ལུས་མེར་སྲེག་གནང་ཡོད།

གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་དང་ལྷག་དོན་རང་ལུས་མེར་སྲེག་གནང་མཁན་ཚོའི་ནང་མི་ཉེ་འབྲེལ་ཚོར་ཞུ་རྒྱུར། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་མཁན་ཚོའི་བློས་བཏང་བྱས་རྗེས་ལོ་རྒྱུས་ནང་གཏན་དུ་གནས་རྒྱུ་དང་། མ་འོངས་པའི་མི་རབས་རྗེས་མ་ཚོས་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་ཡིན་ཞིང་། ལུས་སྲོག་བློས་གཏོང་གནང་མཁན་ཚོའི་ཞལ་ཆེམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་མིའི་རང་དབང་བསྐྱར་གསོ་བྱ་རྒྱུའི་དམིགས་ཡུལ་མངོན་འགྱུར་ཡོང་ཐབས་སུ་སྔར་ལྷག་ནུས་ཤུགས་ཟོང་ཁ་གཅིག་སྒྲིལ་བྱ་རྒྱུ་ནི་ང་ཚོའི་རྩ་ཆེའི་ལས་འགན་ཆགས་ཡོད།

རང་དབང་གི་དོན་དུ་འཐབ་རྩོད་བྱེད་མཁན་བོད་མི་ཁོ་ན་ཙམ་མིན། མི་ལོ་ཉེར་ལྔའི་གོང་རྒྱ་ནག་ཁྱོན་ཡོངས་ཀྱི་གྲོང་ཁྱེར་ཆེ་ཁག་བརྒྱ་ཕྲག་བརྒལ་བའི་ནང་རྒྱ་རིགས་ས་ཡ་མང་པོས་རྒྱ་ནག་ནང་རང་དབང་དང་མང་གཙོ་དགོས་པའི་མངོན་འདོད་བཏོན་པར་ཡ་ང་སྙིང་རྗེ་མེད་པར་གོ་མཚོན་བེད་སྤྱད་དེ་དྲག་གནོན་བྱས་ཡོད། ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ ཉིན་སློབ་ཕྲུག་དམར་བསད་བཏང་བ་དང་མཉམ་དུ་རྒྱ་ནག་མི་མང་གི་རང་དབང་མང་གཙོའི་རེ་འདུན་མེད་པ་བཟོ་ཐུབ་མེད་ཅིང། ད་ལྟའི་ཆར་རྒྱ་ནག་གཞུང་གི་དམ་བསྒྲགས་བཙོན་འཇུག་འོག་གནས་བཞིན་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པའོ་ནི་དཔེ་མཚོན་ཡག་ཤོས་དེ་རེད། རྒྱ་ནག་གཞུང་གིས་སློབ་ཕྲུག་ཚོའི་ཐོག་གང་བྱུང་གོ་མཚོན་བེད་སྤྱོད་དང་ཤེས་ཡོན་ཅན་རྣམས་བཙོན་འཇུག་བྱས་རུང་། སྔ་ཕྱི་མ་གཏོགས་མི་མང་གི་མངོན་འདོད་ལ་བརྩི་འཇོག་མ་བྱེད་ཐབས་མེད་རེད།

དེ་མཚུངས་རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་བསམ་གཞིགས་མ་བྱེད་ཐབས་མེད་རེད། དེ་ནི་བོད་མིར་དམིགས་བསལ་ཤ་ཚ་བྱེད་པའི་གནད་དོན་ལྟ་བུ་ཞིག་མ་ཡིན་པར་རྒྱ་ནག་གཙོ་བོར་གྱུར་པའི་ཨེ་ཤ་ཡ་གླིང་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན། རྒྱ་ནག་ནང་གི་ཁོར་ཡུག་སྲུང་སྐྱོབ་པ་དང་། རྒྱལ་སྤྱིའི་ཚན་རིག་མཁས་པ་ཚོས་ལྷོ་བྱང་གི་སྣེ་གཉིས་ཕུད་པའི་བོད་ནི་འཛམ་གླིང་གི་འཁྱག་རོམ་གསོག་འཇོག་ཆེ་ཤོས་དེ་ཡིན་སྟབས་འཛམ་གླིང་གི་སྣེ་གསུམ་པ་ལྟ་བུར་བརྩི་བཞིན་ཡོད་ཅིང་། འཁྱག་རོམ་དེ་དག་ནི་རྒྱ་ནག་དང་། རྒྱ་གར། པ་ཀིས་ཐན། སྦང་ལ་དེཤ ལའོ་ས། ཀམ་པོ་ཌི་ཡ། ཝེ་ཊ་ནམ། ཐའེ་ལེཌ་བཅས་ནང་རྒྱུག་བཞིན་པའི་ཨེ་ཤ་ཡའི་རྒྱུག་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་ཡིན་པ་མ་ཟད། རྒྱལ་ཁབ་དེ་དག་གི་མི་འབོར་ཐེར་འབུམ་བརྒལ་བའི་འཚོ་གནས་དང་ཡང་འབྲེལ་བ་ཆགས་ཡོད།

གལ་སྲིད་ད་མུས་བཞིན་བོད་ཀྱི་ཁོར་ཡུག་ལ་བདག་གཅེས་མེད་པར་གང་བྱུང་གཏོར་བཤིག་བཏང་རྐྱང་བྱས་ན་དེའི་མཇུག་འབྲས་མཐོ་སྒང་བོད་ཙམ་དུ་མ་ཟད། བོད་ཀྱི་གཙང་ཆུ་ལ་བརྟེན་པའི་ཉེ་འབྲེལ་རྒྱལ་ཁབ་ཁག་གི་མི་འབོར་ཐེར་འབུམ་བརྒལ་བའི་འཚོ་རྟེན་ལའང་གནོད་སྐྱོན་ཕོག་རྒྱུ་ཡིན། དེར་བརྟེན་བོད་མི་ཚོར་སྲོལ་རྒྱུན་ལྟར་མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གོ་སྐབས་ཤིག་ཡོང་བར་འབད་རྩོལ་བྱ་རྒྱུ་དེ་ནི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཡོངས་ཀྱི་ཁེ་ཕན་ལ་ཐུག་ཡོད། མི་ལོ་སྟོང་ཕྲག་མང་པོའི་རིང་བོད་མི་ཚོས་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་མེད་པར་གཅེས་སྐྱོང་བྱས་ཡོད། རྒྱ་ནག་གཞུང་གིས་སོ་སོ་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་བསམ་ནའང་གནད་དོན་འདི་ངེས་པར་ངོས་ལེན་བརྩི་བཀུར་བྱེད་དགོས་པ་ཞིག་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་ནི་བོད་དོན་དཀའ་རྙོག་སེལ་བའི་ཐབས་ལམ་བཟང་ཤོས་དང་། ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་པ་ཞིག་ཡིན་སྟབས་བཀའ་ཤག་ནས་མུ་མཐུད་དམ་འཛིན་གྱིས་འབད་བརྩོན་ཞུས་དང་ཞུ་མུས་ཡིན་ཞིང་། མང་ཚོགས་ནས་ཀྱང་སྲིད་བྱུས་འདིའི་གལ་འགངས་སྔར་ལྷག་ངོས་འཛིན་ཐུབ་པ་ཡོང་ཆེད་ཉེ་བའི་ཆར་བཀའ་བློན་དང་དྲུང་ཆེ་རྣམ་པ་ས་གནས་ཁག་བགོས་ཀྱིས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་སྤེལ་ཡོད།

བཀའ་ཤག་སྐབས་བཅུ་བཞི་པས་ཕྱི་ལོ་ ༢༠༡༤ ནི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོར་སྲུང་བརྩི་ཞུ་བཞིན་པ་ལྟར། རིང་མིན་ཕྱི་ཟླ་ ༡༠ ཚེས་ ༢ བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་གྱི་ཉིན་མོ་ནོ་སྦེལ་གཟེངས་རྟགས་བཞེས་མཁན་གྱི་དབུ་འཁྲིད་ཁག་ཅིག་དྷ་སར་གདན་འདྲེན་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་སྟེ་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན།

གོ་སྐབས་འདི་དང་བསྟུན་ནས་ད་བར་ང་ཚོར་རྒྱབ་སྐྱོར་གནང་མཁན་གཏོང་ཕོད་ཅན་གྱི་རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཁྱོན་ཡོངས་ལ་གནས་པའི་བོད་ཀྱི་གྲོགས་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཤུགས་དྲག་དང་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ལ།། །།

Share with your friends










Submit