ཟླ་བ་ ༩ ཚེས ༡༩ ༢༠༡༤
   Posted in གསར་གནས།
Published By ngawang thokmey

༢༠༡༤ ཟླ་ ༩ ཚེས་ ༡༩ རེས་གཟའ་པ་སངས།

ཁྲེན་བོ་ཁུང་གིས་བརྩམས། བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བསྒྱུར།

༄༅། །༼བསྒྱུར་པ་པོའི་མཆན། གནས་ཚུལ་འདི་ཨ་རིར་གནས་འཁོད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་རྒྱ་ནག་གི་ཆབ་སྲིད་འགྱུར་བའི་སྐོར་དཔྱད་བརྗོད་པ་གྲགས་ཅན་ཁྲེན་ཕོ་ཁུང་གིས་རྒྱ་ཡིག་ནང་རྩོམ་སྒྲིག་གིས་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་ཁོང་གི་དྲ་རྒྱའི་ནང་དུ་བཀོད་མ་ཐག རྒྱ་ཡིག་གི་དྲ་རྒྱ་ “博讯”དང་། BBC / RFA སོགས་རྒྱ་ཡིག་གི་དྲ་རྒྱ་མང་ཆེ་བའི་ནང་འགོད་སྤེལ་བྱས་འདུག་ན། བོད་དོན་ལ་དོ་སྣང་ཅན་གྱི་གསར་ཤོག་ཀློག་པ་པོས་མཁྱེན་རྟོགས་སླད་རྒྱ་ཡིག་ནས་བོད་བསྒྱུར་ཞུས་ཡོད་པ་དེ་དོན་དགོངས་འཇགས་ཞུ།༽

ཕྱི་ལོ་ ༢༠༡༤ ཟླ་བ་དགུ་པར་བཙན་བྱོལ་བོད་གཞུང་གི་བསྟི་གནས་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར། ཇར་མན་<<གཟའ་ཉིན་མའི་འཛམ་གླིང་གསར་ཤོག་>>གི་གསར་འགོད་པས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཅར་འདྲི་ཞུས་པའི་རྗེས། གསར་ཤོག་དེས་གནས་ཚུལ་སྤེལ་བའི་ནང་། “བོད་ཀྱི་བསམ་པའི་གཙོ་འཛིན་ཏཱ་ལའི་བླ་མ་མཆོག་གིས། ཁོང་ནི་ཏཱ་ལའི་བླ་མ་མཐའ་མ་དེ་ཡིན་སྲིད་” པའི་སྐོར་གསང་བརྡ་བཏང་གནང་གི་འདུག་ཅེས་འཁོད་ཡོད་པ་རེད།

གནས་ཚུལ་དེ་སྤེལ་མ་ཐག་རྒྱ་ནག་པེ་ཅིན་གཞུང་གིས་ཚུར་སྣང་ལན་ཆ་དྲག་པོ་བྱུང་སྟེ་རྒྱ་ནག་དམར་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་སྐད་ཤུགས་ཆེན་པོས། “དེ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་གྱི་སྒྲིག་སྲོལ་ལ་གཏོར་བཤིག་བཏང་བ་རེད་” ཟེར་ལན་སློག་པ་དང་། རྒྱ་ནག་གཞུང་འབྲེལ་གསར་ཤོག་མི་དམངས་ཉིན་རེའི་ཚགས་པར་གྱི་ཁུངས་གཏོགས་ <<སའི་གོ་ལ་སྐོར་བའི་སྐབས་དོན་གསར་ཤོག་>> ཅེས་པས་ “མཁས་པའི་རྩོམ་ཡིག་” ཟེར་བ་འགོད་སྤེལ་བྱས་པའི་ནང་”ཏཱ་ལའི་བླ་མར་ཡང་སྲིད་ངོས་འཛིན་ལམ་ལུགས་མཇུག་བསྒྲིལ་ཆོག་པའི་དབང་ཆ་མེད། རྒྱུན་སྲོལ་གྱི་ཡང་སྲིད་ལམ་ལུགས་འགྱུར་ལྡོག་གཏོང་རྒྱུའི་རེ་ངན་བཅངས་ཏེ་ཆེད་མངགས་རྒྱ་ནག་དབུས་གཞུང་ལ་བྱེད་ཁག་པོ་བཟོ་ཡི་ཡོད་རེད་ ” ཅེས་སྐྱོན་འཛུགས་ཞུས་འདུག གོང་གསལ་ “མཁས་པའི་རྩོམ་ཡིག་” ཟེར་བ་དེས་བོད་ཀྱི་”སྲོལ་རྒྱུན་” གང་བྱུང་དུ་གླེང་བ་དང་། གང་ས་གང་དུ་ལོ་རྒྱུས་ཀྱི་དངོས་བདེན་ལ་གཡོ་བསླད་བཏང་ཏེ། ཆེད་དུ་མངགས་ནས་མན་འཇུ་དང་སོག་པོ་དང་བོད་དབར་ ༼མཆོད་ཡོན་གྱི་འབྲེལ་བ་ལས་བདག་དབང་གི་འབྲེལ་བ་མེད་པའི་༽ དངོས་བདེན་གྱི་འབྲེལ་བ་རྣམས་སྦས་སྐུང་བྱས་ཤིང་དེ་ནས་ཧམ་ཤེད་དང་བཙན་དབང་གིས་ “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་” ཟེར་བའི་དམར་པོའི་དབང་བསྒྱུར་ནང་བཅུག་མཚམས། “ཡང་སྲིད་ངོས་འཛིན་གྱི་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་རྒྱ་ནག་དབུས་གཞུང་ལ་སྤོ་བསྒྱུར་བྱུང་” སྐོར་ཧམ་བཤད་བྱས་ཏེ། མུ་མཐུད་རྒྱ་ནག་མི་མང་ལ་མགོ་སྐོར་གཏོང་ཆེད་འགྲེལ་བརྗོད་ལོག་པ་རྒྱག་བཞིན་ཡོད་པ་རེད།

པེ་ཅིན་གཞུང་གིས་རྐང་བརྡབ་ལག་བརྡབ་བྱས་པ་དེ་ནས་ “རྒྱ་ནག་དབུས་གཞུང་” ལ་སེམས་ནད་ཆེན་པོ་གཅིག་ཡོད་པར་མངོན། བོད་ཀྱི་གནད་དོན་ཐོག་ཕྱི་ཚུལ་ནས་ཚང་མར་སྟངས་འཛིན་བྱེད་ཐུབ་པའི་དབང་དུ་བཏང་ཡང་། སེམས་གཏིང་དུ་བློ་བདེ་པོ་ཞིག་མེད་པར་ག་དུས་ཡིན་ནའང་བདེན་མེད་ངོ་གནོང་བ་དང་། དངངས་སྐྲག་ལངས་པ། བློ་སེམས་མི་བདེ་བ་ཞིག་ཡོང་ནས་སླད་ཕྱིན་བོད་འདིར་ངེས་གཏན་མེད་པའི་འགྲོ་ལམ་ཞིག་འོང་རྒྱུར་སེམས་འཚབ་སྐྱེས་ཀྱི་ཡོད།
རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་དེ་ལྟ་བུའི་སེམས་ནད་ཆགས་ཀྱི་ཡོད་ན། ད་ལྟ་འཚོ་བཞུགས་ཡོད་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་་བཞི་པ་མཆོག་ལ་གང་གཟབ་ཅི་གཟབ་ཀྱིས་བསྙེན་བཀུར་ག་རེ་བྱས་ཏེ་ཞུ་གི་མེད་དམ། ཁོང་ག་རེ་བྱས་ཏེ་ནང་པའི་གནས་མཆོག་རི་བོ་རྩེ་ལྔར་གནས་གཟིགས་ཕེབས་རྒྱུར་བསུ་བ་མ་ཞུ་པ་གང་ཡིན་ནམ། ག་རེའི་དོན་དུ་ཁོང་ལོ་མང་རིང་རྒྱལ་སྒོའི་ཕྱིར་བཀག་དགོས་སམ།

ཤེས་དགོས་པ་ཞིག་ལ། ཡང་སྲིད་ངོས་འཛིན་ཞུ་བའི་རྩ་བའི་རིགས་པ་ནི། ཡང་སྲིད་ངོས་འཛིན་ཞུས་པའི་ལམ་ནས་བྱུང་བའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་དེས། རང་འགུལ་ངང་སྐུ་གོང་མའི་མཛད་པ་རྣམ་སྐྱོངས་དགོས། དེ་ཡང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་མཇུག་མ་སྐྱོང་བའི་མཛད་འཕྲིན་རྣམས་ཡ་མ་བྲལ་བ་དང་། དུས་མཚམས་འབྱེད་པ་སོགས་འབྱུང་ན་མི་འགྲིགས། དེ་ལྟར་མ་བྱུང་ན་ཡང་སྲིད་རྫུན་མ་ཡིན་པ་དང་། ཏཱ་ལའི་བླ་མ་རྫུན་མ་ཞིག་ཡིན་པ་ལས་ཡང་སྲིད་འཁྲུལ་བྲལ་ཞིག་དང་ཏཱ་ལའི་བླ་མ་དངོས་འབྲེལ་ཞིག་མ་རེད།
པེ་ཅིན་གཞུང་གིས་རྣམ་འགྱུར་དེའི་ཐོག་ནས་ཟུར་ཟ་དགོས་པའི་དོན་གནད་གཉིས་འབུར་དུ་ཐོན་ཡོད།

དང་པོ། རྒྱ་ནག་དམར་གཞུང་ནི་ལྷ་མེད་སྨྲ་བ་ཡིན་ནའང་། བཙན་པོ་དབང་ཡོད་ཀྱིས་ཆོས་ལ་དད་པ་ཅན་གྱི་ཁུངས་སུ་ཚང་སྟེ་ཆོས་ཕྱོགས་ཀྱི་ལས་སུ་ཐེ་བྱུས་ཀྱིས་ལྷ་མེད་སྨྲ་བ་ལྷ་ཡོད་སྨྲ་བར་ཆགས་ཏེ་ཁོང་ཚོའི་བསམ་པའི་གཙོ་འཛིན་གཏན་འཁེལ་བྱེད་པ་ནི། ཁུངས་ལུང་མེད་པར་གཞན་གྱི་འཕྱ་སྨོད་བྱེད་ཡུལ་ཞིག་ཏུ་གྱུར་ཡོད།
སོག་པོ་དང་མན་འཇུ་དབང་བསྒྱུར་བ་རྣམས་བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་བླ་སྤྲུལ་དང་མང་ཚོགས་ནས་རང་གིས་ལམ་སྲོལ་ལྟར་ངོས་འཛིན་ཞུས་པའི་བླ་སྤྲུལ་ཆེ་ཁག་ལ་གུས་བརྩི་ཞུ་གི་ཡོད། འོན་ཀྱང་ལྷ་མེད་སྨྲ་བའི་རྒྱ་དམར་དབང་བསྒྱུར་བས་བཙན་པོ་དབང་ཡོད་ཀྱིས་བླ་སྤྲུལ་ངོས་འཛིན་ཞུ་རྒྱུས་མཚོན་བོད་ཀྱི་ལས་དོན་ཚང་མར་རང་མཚམས་ཀྱིས་ཐག་གཅོད་བྱེད་ཀྱི་ཡོད།
མན་འཇུའི་རྒྱལ་རབས་ཀྱིས་དེ་སྔ་ “གསེར་འབུམ་དཀྲུག་འདོན་” ཞེས་པ་འདོན་མྱོང་ཡོད་ཀྱང་དེ་ནི་གྲོས་འགོ་བཏོན་པ་ཙམ་ཞིག་རེད། གྲོས་འགོ་དེ་བཏོན་པའི་འོག་བོད་ཕྱོགས་ནས་དོན་དངོས་ཀྱི་བྱེད་སྟངས་ནི། གསེར་འབུམ་དཀྲུག་འདོན་གྱི་བྱ་ཐབས་སྤྱད་ཆོག་ལ་ཡང་གསེར་འབུམ་དཀྲུག་འདོན་མ་བྱས་རུང་འགྲིགས་ཀྱི་ཡོད། དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ་དང་། སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ་བཅས་གསེར་འབུམ་དཀྲུག་འདོན་ཞུས་མེད།

གཉིས་པ། རྒྱ་དམར་གཞུང་གིས་ག་དུས་ཡིན་ནའང་ཏཱ་ལའི་བླ་མ་དང་བོད་མི་མང་ལ་ “ཀླ་ཀློ་”དང་”རྗེས་ལུས” “ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་རྒྱུའི་རེ་ངན་བཅངས་ཀྱི་འདུག་” ཟེར་དམའ་འབེབས་འཁྱོག་བཤད་བྱས་ཏེ་རྒྱ་དམར་གཞུང་རང་ཉིད་ “ཡར་ཐོན་རང་བཞིན་” དང་། “དུས་དང་མཉམ་བསྐྱོད་” བྱེད་ཀྱི་ཡོད་ཅེས་འུར་ཤོབ་ཤོད་ཀྱི་ཡོད་ཀྱང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་སྐུའི་ཡང་སྲིད་ལམ་ལུགས་མཇུག་བསྒྲིལ་བྱ་སྲིད་པའི་སྐོར་གླེང་བའི་སྐབས། རྒྱ་དམར་གཞུང་དེ་མ་ཐག་ངར་ལངས་ཏེ་ “ལམ་ལུགས་རྙིང་པར་” སྲུང་སྐྱོབ་བྱེད་གང་ཐུབ་བྱས་ཏེ། ཧ་ལམ་ “མེས་པོའི་ཁྲིམས་སྲོལ་འགྱུར་བ་གཏོང་མི་ཆོག་” པ་ཨུ་ཚུགས་མཐའ་སྐྱེལ་གྱིས། ངན་པ་ལངས་ཤོར་དང་ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱ་ནག་གཞུང་རང་ཉིད་ “ལམ་ལུགས་རྙིང་པ་” སྲུང་སྐྱོང་བྱེད་མཁན་ཡིན་ཁུལ་གྱི་ངོ་བོར་གཏན་འཁེལ་བྱས་འདུག

དོན་དངོས་ཐོག་ཇར་མན་གྱི་གསར་ཤོག་དེས་ཏཱ་ལའི་བླ་མ་མཆོག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་མཛད་པའི་གནས་ཚུལ་ཆ་ཚང་བཀོད་མེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་ལན་སྩལ་བའི་ནང་དོན་ཆ་ཚང་གི་གོ་དོན་ནི། ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་དང་མི་ཞུ། བོད་བརྒྱུད་ནང་བསྟན་ལ་དད་པ་ཞུ་མཁན་རྒྱ་ཆེའི་མང་ཚོགས་ཀྱིས་ཐག་གཅོད་བྱ་དགོས། གལ་ཏེ་མང་ཚོགས་ནས་སྐུའི་ཡང་སྲིད་དགོས་ཀྱི་མེད་ན། ཁོང་ནི་ཏཱ་ལའི་བླ་མ་མཇུག་ཤོས་དེ་ཆགས་ཀྱི་ཡོད། གལ་སྲིད་མང་ཚོགས་ནས་མུ་མཐུད་དེ་ཡང་སྲིད་ལམ་ལུགས་དེ་དགོས་ཀྱི་ཡོད་ན། ད་མུས་བཞིན་མཇུག་བསྐྱང་རྒྱུ་རེད་ཅེས་བཀའ་ཕེབས་ཡོད། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་བཞེངས་ཕྱོགས་འདི་གསུང་བབ་གསར་པ་ཞིག་མ་ཡིན་པར། སྔ་ས་ལོ་རབས་དྲུག་ཅུའི་ནང་ཁོང་གིས་གོང་མཚུངས་བཀའ་ཞིག་ཕེབས་མྱོང་ཡོད།

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་༸གོང་ས་མཆོག་གིས་དངོས་གཞིའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྩལ་ཏེ། ཁོང་གི་བཞེངས་ཕྱོགས་ཁ་གསལ་བཀའ་ཕེབས་ཡོད། དེ་ཡང་། “ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང་། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན།”ཞེས་དང་། ཡང་”༸གོང་ས་མཆོག་གིས་དེ་དང་དུས་མཉམ་བསླབ་བྱ་གནང་དོན། “སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་ཡིད་འཇགས་དགོས་”ཞེས་བཀའ་སྩལ་ཡོད།

འདིའི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡང་སྲིད་རྒྱུན་མཐུད་དགོས་མིན་ད་ལྟ་འང་ཐག་ཆོད་མེད། མཐའ་མའི་ཐག་གཅོད་འདི་བོད་མི་མང་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དད་ལྡན་མང་ཚོགས་ཀྱིས་ཐག་གཅད་རྒྱུ་རེད་ཅེས་བཀའ་ཕེབས་ཡོད། ༸གོང་ས་མཆོག་གིས་སྔོན་ཚུད་ནས་དུས་ཚོད་འཇོག་གནང་མཛད་པ་དེ་རྒྱ་ནག་གཞུང་ལ་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་སྩལ་བར་གོ་བ་ལེན་ན་འགྲིགས་པའི་གསལ་བཀྲོལ་ཞིག་ལ་ངོས་འཛིན་བྱས་ཆོག ཁོང་དགུང་གྲངས་༨༣ ལ་སོན་སྐབས་ ༼༸རྒྱལ་མཆོག་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་འཚོ་བཞུགས་ཀྱི་དགུང་གྲངས་༽ཐག་གཅོད་གནང་གི་ཡིན་ཞེས་བཀའ་ཕེབས་པ་དེ་ནས་ད་ཆ་ཁོང་དགུང་གྲངས་ ༧༦ ལ་ཕེབས་ཡོད་དུས་སྔོན་ཚུད་ནས་འཇོག་པའི་དུས་ཚོད་ལོ་ ༧ ལྷག་ཡོད།

གལ་ཏེ་དུས་ཚོད་དེའི་རིང་། རྒྱ་ནག་གཞུང་གིས་ང་རྒྱལ་ཁེངས་དྲེགས་སྤང་ཏེ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཞི་མོལ་འདུམ་འགྲིག་བྱ་ཆེད། བོད་རྒྱ་ཕྱོགས་གཉིས་ཀའི་ཁེ་ཕན་ལ་བསམ་ཞིབ་བྱས་ནས་འོས་ཤིང་འཚམ་པའི་ངང་བོད་ཀྱི་གནད་དོན་སེལ་ཐུབ་པ་ཡིན་ན། ༸གོང་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་རྒྱུན་ཐུབ་པ་མ་ཟད། དེ་ཡང་བཟང་ཕྱོགས་ཐོག་ནས་བོད་རྒྱ་གཉིས་ཐུན་མོང་གི་ལྟ་ཚུལ་དང་འབད་བརྩོན་བྱས་ཏེ་བྱུང་བ་ཡིན་ན། ཕུགས་རིང་གི་བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་བ་བརྟན་ལྷིང་ཡོང་རྒྱུར་ཕན་ནུས་ཐོན་པའི་ཐོག་ད་ཡོད་རྒྱ་ནག་གི་གཅིག་སྒྲིལ་གྱི་རྣམ་པ་༼བོད་ཚུད་པའི་༽རྒྱུན་སྲིང་ཐུབ་པར་རོགས་ཕན་འོང་སྲིད།

བློ་གཟུ་བོར་དུ་གནས་ཤིང་ཕུགས་རྒྱང་རིང་པོའི་ཤེས་འཇོན་ཡོད་པའི་ཆབ་སྲིད་མི་སྣ་ཞིག་ཡིན་ཕྱིར། གོང་གི་ལྟ་ཚུལ་འདིར་ངོས་འཛིན་བྱེད་ཐུབ་པ་རེད། དེང་གི་རྒྱ་དམར་གཞུང་གི་འགོ་ཁྲིད་ཚོའི་རྣམ་དཔྱོད་ག་ཚོད་ལྡན་ཡོད་མིན་གྱི་གནད་དོན་འདི་ཐད། ཕྱི་ཕྱོགས་ནས་དབྱེ་འབྱེད་ངོས་འཛིན་ཞིག་ཏན་ཏན་ཡོང་ངེས་པ་ཞིག་ཡིན་ནོ།། །། ༢༠༡༤།༩།༡༩

Share with your friends










Submit