ཟླ་བ་ ༧ ཚེས ༦ ༢༠༡༤

༢༠༡༤ ཟླ་ ༧ ཚེས་ ༦ རེས་གཟའ་ཉིན་མ།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་ཁ་བ་ཅན་གྱི་ལྷ་སྐལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། དགོས་པའི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག ཕྱི་ལུགས་དགུང་གྲངས་བདུན་ཅུ་དོན་དགུར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་འདིར། བཀའ་ཤག་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་གུས་ཕྱག་དང་བཅས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲི་ཞུ་བ་དང་ཆབས་ཅིག མཁའ་ཁྱབ་བསྟན་འགྲོའི་མགོན་དཔུང་དམ་པར་དགུང་གྲངས་ ༡༡༣ བར་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཡོད་པ་བཞིན་༧ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་འཕྲིན་ལས་ཀྱི་འོད་སྣང་རྒྱུན་མི་ཆད་དུ་སྩོལ་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། གོ་སྐབས་འདི་བཟུང་སྟེ་༧རྒྱལ་ཡབ་དམ་པ་ཆོས་སྐྱོང་ཚེ་རིང་དང་། ༧རྒྱལ་ཡུམ་དམ་པ་བདེ་སྐྱིད་ཚེ་རིང་རྣམ་གཉིས་ལའང་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

ལྷག་པར་ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་ཆོས་རིག་གོམས་སྲོལ་ལོ་རྒྱུས་སོགས་གང་ཅིའི་ཆ་ནས་འབྲེལ་བ་དམ་ཟབ་ཡོད་པའི་ལ་དྭགས་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་སྐལ་བཟང་བཀའ་དྲིན་ཆེ་བའི་སྐབས་དང་བསྟུན། མགོན་པོ་གང་ཉིད་དངོས་སུ་འཁྲུངས་སྐར་མཛད་སྒོའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་འདིར་འཁོད་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་རིང་གི་དུས་ཆེན་ཁྱད་པར་བ་འདི་ནི་ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་གི་མི་མང་སྤྱི་དང་། སྒོས་སུ་གཞིས་བྱེས་བོད་མི་ཡོངས་ཀྱིས་དགའ་གུས་ཆེན་པོའི་སྒོ་ནས་འཛམ་གླིང་ས་ཕྱོགས་གང་སར་དུས་ཆེན་སྲུང་བརྩི་ཞུ་བཞིན་པ་ཞིག་ཡིན་ཞིང་། མགོན་པོ་གང་གིས་བོད་འབངས་རྣམས་ཇི་ལྟར་མ་ཡིས་བུ་ལ་བརྩེ་བ་ལྟར་ཐུགས་བརྩེ་བ་ཆེན་པོས་གཅེས་པར་བསྐྱངས་པའི་བཀའ་དྲིན་གྱི་ཕུང་པོ་ནི། སྟོང་གསུམ་རིན་ཆེན་བདུན་གྱིས་བཀང་སྟེ་བསྐལ་བ་ཇི་སྲིད་དུ་ཕུལ་ཡང་གཞལ་བའི་སྐབས་མེད་ཀྱང་། བཀའ་དྲིན་གྱི་ཆ་ཤས་ཙམ་གསབ་ཆེད་སྐབས་བཅུ་བཞི་པའི་བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ འདི་བཞིན་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཆེ་རིགས་ ༢༡ དང་། ནང་ཚན་ལས་རིམ་ཆུང་གྲས་ ༣༠༠ ཙམ་གཏན་འབེབས་དང་སྦྲགས་ལོ་འཁོར་མོའི་རིང་སྲུང་བརྩི་ཞུས་དང་ཞུ་བཞིན་པ་ཡིན་ཞིང་། ལོ་རྗེས་མའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བོད་ལུགས་འཁྲུངས་ཚེས་བོད་ཟླ་ ༥ ཚེས་ ༥ དང་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་མཛད་སྒོའི་སྐབས་དང་བསྟུན་ནས་གཞུང་འབྲེལ་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་འཐུས་ཀྱི་བཀའ་བཞེས་སྤྱི་སྩལ་བྱུང་བ་བཞིན་གོ་སྒྲིག་ཞུ་བཞིན་ཡོད།

༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་དང་ལས་སྨོན་གྱི་འབྲེལ་བ་ཐུན་མོང་མ་ཡིན་པའི་དབང་གིས་བོད་ཀྱི་ལོ་རྒྱུས་ནང་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་སུ་མདོ་སྨད་ས་ཡི་ཐིག་ལེར་མཚན་དཔེའི་དཀྱིལ་འཁོར་རྣམ་པར་བཞད་ཅིང་། དགུང་ལོ་ལྔར་ཕེབས་སྐབས་མི་འཇིགས་གདོང་ལྔས་སྟེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས་པ་དང་། བོད་ཀྱི་ཤར་ཕྱོགས་ནས་རྒྱ་དམར་བཙན་འཛུལ་བའི་དབང་གིས་དུས་འགྱུར་མི་ཟད་པ་འབྱུང་ཉེའི་མཚམས་སུ་མགོན་པོ་གང་ཉིད་ལས་རེ་ལྟོས་བཅོལ་ཡུལ་གཞན་མ་མཆིས་སྟབས་གངས་ལྗོངས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐུ་ན་ཤིན་ཏུ་ཕྲ་བ་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་བོད་འབངས་སྡུག་བསྔལ་གྱི་གནས་ལས་སྐྱབས་ཐབས་སུ་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་གནང་མཛད་དེ། ཐབས་མཁས་འཕྲུལ་མཛངས་ཀྱི་སྒོ་ནས་བོད་རྒྱ་མི་རིགས་གཉིས་འཆམ་མཐུན་མཉམ་གནས་ཡོང་ཐབས་གནང་སྟེ་བོད་འབངས་རྣམས་གནས་སྐབས་ཛ་དྲག་དམག་གི་འཇིགས་པ་ལས་བསྐྱབས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གསན་བཞེས་མཇུག་སྐྱོང་དང་བོད་ལྗོངས་མཐའ་དབུས་ཡོངས་དང་རྒྱ་ནག་བཅས་པར་མཛད་འཕྲིན་རླབས་ཆེན་བསྐྱངས་ཀྱང་ཕ་རོལ་པོའི་བསམ་སྦྱོར་ངན་པའི་དབང་གིས་རྒྱུན་གནས་ཐུབ་པ་མ་བྱུང་།

དེ་རྗེས་དགུང་ལོ་ཉེར་ལྔར་ཕེབས་སྐབས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། ཐོག་མར་བཙན་བྱོལ་བོད་མིའི་འཚོ་རྟེན་ཕུགས་འཕེར་ཡོང་ཐབས་སུ་གཞིས་ཆགས་ཁག་མང་གསར་འཛུགས་ཀྱིས་གནས་ཡུལ་ས་གནས་ཀྱི་མི་འབོར་ལ་ལྟོས་པའི་བོད་མི་ཉུང་ཤས་ལས་མེད་རུང་སིམ་ཡལ་དུ་མ་འགྲོ་བར་ཕན་ཚུན་མཉམ་རུབ་ཐོག་ཟུར་གསལ་འཚོ་གནས་ཐུབ་པ་བྱུང་བ་དང་། མ་འོངས་མི་རིགས་ཀྱི་སོན་རྩ་ན་གཞོན་རྣམས་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་འདབ་གཤོག་གཉིས་ལྡན་ཡོང་ཐབས་སུ་གཏན་ཉིན་སློབ་གྲྭ་ཁག་ཟུར་འཛུགས་གནང་བས་མི་རིགས་ཀྱི་ངོ་བོ་གསོན་པོར་གནས་པའི་ཐོག་དེང་རབས་ཤེས་ཡོན་ཅན་གྱི་མི་སྣ་གང་མང་གསོ་སྐྱོང་ཐུབ་པ་བྱུང་ཞིང་། བཙན་བྱོལ་ནང་སྐྱེ་འཚར་བྱུང་བའི་ན་གཞོན་དེ་དག་གིས་ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལས་འགན་མུ་མཐུད་ཁུར་བཞིན་ཡོད། དེ་མཚུངས་བོད་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་ཆེད་རིས་མེད་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་བཤད་སྒྲུབ་ཀྱི་ལྟེ་གནས་དགོན་སྡེ་གྲྭ་ཚང་རྣམས་རིམ་བཞིན་བཙན་བྱོལ་དུ་སླར་གསོ་དར་སྤེལ་མཛད་ཅིང་། ཆོས་བརྒྱུད་ནང་ཕན་ཚུན་ཕུ་ནུ་བཞིན་དུ་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་མཛའ་བརྩེའི་དཔལ་ལ་རོལ་ཐུབ་པ་བྱུང་། ཁྱད་པར་༧གོང་ས་ལྔ་པ་ཆེན་པོ་ནས་བརྒྱུད་པའི་བྱེས་འབྱོར་སྒྲིག་འཛུགས་དང་འཛིན་སྐྱོང་གི་སྒྲོམ་གཞིར་དུས་ནས་དུས་སུ་ལེགས་བཅོས་དང་ཡར་རྒྱས་གོང་འཕེལ་གྱིས་མང་གཙོའི་ཆ་ལག་ཡོངས་སུ་རྫོགས་པར་མཛད་དེ། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་བོད་རིགས་ཡོངས་རྫོགས་རྡོག་གཅིག་ཏུ་སྒྲིལ་ཐུབ་པའི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་གནང་མཛད་པ་སོགས། སྐུ་ངལ་བརྒྱ་ཕྲག་ཁྱད་དུ་བསད་ནས་བླ་ན་མེད་པའི་དབུ་འཁྲིད་ལམ་སྟོན་གནང་བའི་བཀའ་དྲིན་བསམ་བརྗོད་ལས་འདས།

ལྷག་དོན་ད་ལྟའི་ཆར་བོད་རིགས་ཡོངས་རྫོགས་ཆོལ་ཁ་ཆོས་བརྒྱུད་དབྱེ་བ་མེད་པར་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ལྕགས་ཀྱི་གོང་བུ་ལྟ་བུར་གནས་བཞིན་པ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་འབའ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་ནང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ་བོད་མིའི་གཅིག་སྒྲིལ་གྱི་ནུས་སྟོབས་དང་ཆོས་སྲིད་ཀྱི་མངའ་ཐང་ཡང་རྩེར་སོན་པ་བྱུང་ཡང་། རིམ་བཞིན་ཐི་གུ་སྣེ་ཤོར་གྱིས་ཉམས་གུད་ཚབས་ཆེན་བྱུང་བ་མ་ཟད། ཉེ་བའི་ལོ་བརྒྱ་ཕྲག་མང་པོའི་བར་གཅིག་སྒྲིལ་ཡང་དག་པ་ཞིག་བྱུང་མ་ཐུབ་པར་ལུས་རུང། ད་ལྟའི་ཆར་མགོན་པོ་གང་གི་དབུ་འཁྲིད་ལམ་སྟོན་ལ་བརྟེན་ནས་རང་ཡུལ་ཕྲ་ཚུགས་ཡོད་པའི་དུས་སྐབས་ལས་ལྷག་པའི་བོད་མིའི་གཅིག་སྒྲིལ་གྱི་ནུས་ཤུགས་ཇེ་ཆེར་འགྲོ་བཞིན་པ་ནི་བོད་མི་རིགས་ལ་ལྷག་པར་དུ་བཀའ་དྲིན་ཆེ་བའི་མཛད་བཟང་རྨད་དུ་བྱུང་བ་ཞིག་ཡིན་པ་སྨོས་ཅི་དགོས།

དེ་མཚུངས་བོད་དང་ཆོས་རིག་གོམས་གཤིས་གཅིག་གྱུར་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ལའང་ཕ་མེས་ནས་བརྒྱུད་པའི་མི་རིགས་ཀྱི་ཁྱད་ནོར་ངོས་འཛིན་ཐུབ་པའི་གདེང་སྤོབས་བྱིན་པ་དང་། འཛམ་གླིང་ནང་པ་ཡོངས་ཀྱིས་གུས་བཀུར་ལམ་སྟོན་ཞུ་ཡུལ་དང་ཡོངས་རྫོགས་བསྟན་པའི་མངའ་བདག་ཆེན་པོར་གྱུར་པ་སོགས་ཕྱོགས་དང་རིས་སུ་མ་ཆད་པའི་བསྟན་འགྲོའི་མཛད་པ་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པ་མ་ཟད། སྔོན་བྱོན་རིས་མེད་སྐྱེས་ཆེན་ཚད་ཐུབ་དུ་མས་དམ་བསྒྲགས་མཛད་པ་དང་རྗེས་སུ་མཐུན་པར་བསྟན་པ་དག་ཐེར་གྱི་མཛད་པ་ཁོ་ནར་དགོངས་ཏེ་དོལ་རྒྱལ་སྐོར་བླང་དོར་བཀའ་སློབ་བཀའ་དྲིན་བསྐྱངས་པར། བོད་རྒྱུད་ནང་བསྟན་རྗེས་འབྲང་པ་ཡོངས་ཀྱིས་རྒྱུ་མཚན་ཤེས་པའི་སྒོ་ནས་སྤང་བླང་འཇུག་ལྡོག་མ་ནོར་བ་ཞུ་བཞིན་པ་དེ་ལྟར་ཡང། མ་རུང་ཁོག་བཅངས་ཀྱི་སྐྱེ་བོ་རེ་ཟུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོར་གོ་བ་ལོག་སྒྲུབ་ཞུ་ཐབས་བྱེད་པ་ནི་ཉི་ཤར་སྦར་མོས་བཀག་ཐབས་བྱེད་པ་ལས་མ་འདས། ལྷག་པར་བར་སྐབས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དྲིན་བསམ་ཤེས་མེད་པར་གཞི་རྩ་ཡེ་ནས་བྲལ་བའི་མཚན་སྨད་དང་། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བ་སོགས་ཁ་ལ་འཁྱེར་ཏེ་ཕ་རོལ་པོའི་གཡོ་བྱུས་འོག་ཚུད་པའི་ཆབ་སྲིད་ཀྱི་ལས་འགུལ་མངོན་གསལ་དོད་པོའི་སྒོ་ནས་སྤེལ་བཞིན་པ་རྣམས་ཚང་མས་ངོས་འཛིན་མ་ཐུབ་པ་མེད་ཀྱང། སྤྱི་སྒོས་བསྟན་འགྲོའི་འཕྲལ་ཕུགས་ཁེ་གྱོང་སྤྱི་དང་། ཁྱད་པར་བོད་མི་རིགས་ཆགས་འཇིག་གི་མཚམས་སུ་སླེབས་པའི་དུས་སྐབས་འདིར་ཚང་མས་དྲན་ཤེས་བག་ཡོད་བརྟན་པོའི་སྒོ་ནས་སྤང་བླང་འཇུག་ལྡོག་མ་ནོར་བ་བྱ་གལ་ཆེ་བའི་དྲན་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན།

གཞན་ཡང་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་བདེ་དོན་ཆེད་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་དག་སྣང་སྦྱོང་ཐབས། བོད་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་གནང་རྒྱུ་བཅས་ཀྱི་མཛད་ཆེན་རྣམ་གསུམ་མམ། ལྷག་བསམ་ཐུགས་བསྐྱེད་གསུམ་གྱི་ཉམས་བཞེས་ཐུགས་དམ་གྱི་མཐིལ་དུ་མཛད་པ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ཞི་བདེ་དང་དྲང་བདེན་གྱི་འོད་སྣང་བྱིན་པའི་རླབས་ཆེའི་དབུ་འཁྲིད་ཅིག་དང་། རྒྱལ་ཁབ་དང་མི་རིགས་ཆོས་ལུགས་བཅས་ཀྱི་དབྱེ་བ་མེད་པར་ཀུན་གྱིས་དགའ་མོས་གུས་བཀུར་ཆེ་ཤོས་ཞུ་ཡུལ་ཞིག་ཏུ་གྱུར་ཅིང་། གླིང་ཆེན་དྲུག་གི་རྒྱལ་ཁབ་དྲུག་ཅུ་རེ་བདུན་ལྷག་ནང་༧ཞབས་ཀྱི་པད་མོ་རྣམ་པར་བཀོད་དེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་བྱ་དགའ། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། ཊེམ་པལ་ཊོན་གཟེངས་རྟགས་སོགས་ཆེ་བསྟོད་དང་གཟེངས་རྟགས་བརྒྱ་དང་ལྔ་བཅུ་བརྒལ་བ་འབུལ་བཞེས་མཛད། དེ་ལྟར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ལོ་རེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཚན་སྙན་མཛད་འཕྲིན་རྒྱས་པ་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཤུགས་ཆེ་བྱུང་ཞིང་། བོད་དོན་བདེན་མཐའ་གསལ་ཐབས་ལ་ཕན་ཐོགས་རླབས་ཆེན་བྱུང་ཡོད།

བོད་རྒྱའི་དབར་གྱི་གནད་དོན་འདི་བཞིན་རྒྱ་ནག་གཞུང་དང་མཉམ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་སྟབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཕྱོགས་ཐམས་ཅད་ནས་དངོས་ཡོད་གནས་སྟངས་དང་འཚམས་པའི་སྲིད་བྱུས་བཟང་ཤོས་ཡིན་པ་མ་ཟད། བོད་རྒྱ་མི་རིགས་གཉིས་ཀར་ཁེ་ཕན་ལྡན་པ་ཞིག་ཡིན་པར་སོང་། རྒྱ་ནག་གཞུང་གི་འགོ་འཁྲིད་གསར་པ་ཚོས་སྲིད་བྱུས་འདིའི་གཉིས་ཕན་གྱི་རང་བཞིན་གང་མྱུར་ངོས་འཛིན་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།

དབུ་མའི་ལམ་གྱི་སྲིད་བྱུས་ལ་གཞིས་བྱེས་བོད་མིའི་རྒྱབ་སྐྱོར་ཤུགས་ཆེ་ཡོད་མུས་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག དེ་བཞིན་རྒྱ་རིགས་མང་ཚོགས་བཅས་ཀྱི་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་པ་ཡིན་ཞིང་། སླད་མར་ཡང་རྒྱབ་སྐྱོར་གྱི་གནས་ཚད་སྔར་ལྷག་ཡར་རྒྱས་གོང་འཕེལ་ཡོང་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་འགོ་ཚུགས་ཟིན་པའི་ཁོངས་ཀྱི་ཆ་ཤས་སུ། སྐད་རིགས་འདྲ་མིན་ཐོག་དབུ་མའི་ལམ་སྐོར་དྲྭ་རྒྱ་གསར་བཟོ་ཞུས་པའི་ནང་དབུ་མའི་ལམ་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་དང་བཀའ་སློབ་ཁག་ལྟ་བདེ་ཡོང་ཆེད་ཟུར་འཇོག་ཞུས་ཡོད། དེ་མཚུངས་བཀའ་བློན་དང་དྲུང་ཆེ་རྣམ་པ་ས་གནས་ཆ་བགོས་ཀྱིས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་ཆེད་ཕེབས་ཀྱིས་མང་ཚོགས་ཁྲོད་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུའི་ལས་གཞི་རིང་མིན་སྤེལ་རྒྱུ་ཡིན་ན་ཚང་མས་མཉམ་ཞུགས་གནང་བའི་རེ་བ་ཡོད།

ད་ལྟའི་ཆར་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་རྒྱ་ནག་གཞུང་གི་བཙན་བཟུང་དྲག་གནོན་འོག་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་འཇིགས་སྣང་དང་དངངས་སྐྲག་གི་ཁོར་ཡུག་ནང་གནས་དགོས་སུ་གྱུར་ཀྱང། རེ་བ་དང་ཡིད་ཆེས་མ་བརླག་པར་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་བསྟན་སྲིད་མི་རིགས་ཀྱི་ལ་རྒྱ་བརྟན་པོར་བཟུང་ཐོག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་འདུན་ཆེན་པོས་རེ་བའི་མིག་འབུར་གཏོད་བཞིན་ཡོད་ཅིང་། ད་བར་བོད་ནང་བོད་མི་ ༡༣༠ ཡིས་རང་ལུས་མེར་སྲེག་གནང་བ་ཚང་མས་མགྲིན་དབྱངས་གཅིག་གྱུར་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མིའི་རང་དབང་བསྐྱར་གསོ་དགོས་པའི་མངོན་འདོད་གསལ་སྟོན་བྱས་པ་རྒྱ་ནག་གཞུང་གི་འགོ་འཁྲིད་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ཀྱིས་གསལ་རྟོགས་ཐུབ་པ་བྱུང་ཡོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་དགོངས་གཞི་དང་བཀའ་སློབ་ལམ་སྟོན་ཕེབས་པ་རྣམས་རྨང་གཞིར་བཟུང་སྟེ། བཀའ་ཤག་གི་རྩ་བའི་ལྟ་གྲུབ་གཅིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བྱ་རྒྱུའི་སྲིད་བྱུས་ལ་བརྟེན་ནས་བོད་དོན་བདེན་མཐའ་མ་གསལ་གྱི་བར་མུ་མཐུད་འབད་རྩོལ་ལྷོད་པ་མེད་པར་ཞུས་དང་ཞུ་མུས་ཡིན་ཞིང་། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲལ་ཕུགས་དགག་དགོས་ཀྱི་རྒྱུ་མཚན་དུ་མར་གཟིགས་ནས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ཟློག་མེད་ཕེབས་པ་ལ་བརྟེན་ནས་རང་གཞན་རོགས་གསུམ་ཚང་མར་སེམས་འཚབ་ཤུགས་ཆེ་བྱུང་ཡོད་རུང་། ད་བར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེ་འཕྲིན་ལས་དང་། རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་གཞིས་བྱེས་བོད་མི་ཡོངས་ནས་གདུང་སེམས་མཉམ་བསྐྱེད་དང་ཕྱར་གྲུ་མཉམ་འདེགས་གནང་བ་ལ་བརྟེན་ནས་འཐུས་ཤོར་མེད་ཙམ་དུ་གནས་བཞིན་པ་ནི་དགའ་སྒོམ་བྱ་འོས་པར་སྣང་།

འདས་པའི་མི་ལོ་དྲུག་ཅུར་ཉེ་བའི་རིང་རྒྱ་གར་དབུས་སའི་གཞུང་དང་མི་མང་གིས་མཚོན་པའི་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་ཞི་བདེ་དང་དྲང་བདེན་ལ་དགའ་བའི་མང་ཚོགས་བོད་ཀྱི་རྩ་དོན་དང་ཆོས་རིག་འཛིན་སྐྱོང་གི་བྱ་བར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་ཡོངས་ལ་གོ་སྐབས་འདི་བཟུང་སྟེ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ལ།། །།

Share with your friends










Submit