Published By ngawang thokmey

༢༠༡༤ ཟླ་ ༣ ཚེས་ ༡༠ རེས་གཟའ་ཟླ་བ།

DSC_0082 (copy)༄༅། །ཕྱི་ལོ་ ༡༩༥༩ ལོའི་དེ་རིང་གི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སྟོང་ཕྲག་མང་པོས་མ་བགྲོས་བསམ་པ་གཅིག་མཐུན་གྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་སྲུང་སྐྱོབ་དང་། རྒྱ་དམག་གིས་བོད་བཙན་བཟུང་བྱས་པར་ངོ་རྒོལ་བྱ་ཆེད་ཞི་བའི་གྱེན་ལངས་བྱས་ཡོད། དེ་ནས་ཉིན་བདུན་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷ་ས་ནས་རྒྱ་གར་ལ་ཕེབས་དགོས་བྱུང་བ་དང་། བོད་མི་སྟོང་ཕྲག་བརྒྱད་ཅུ་ལྷག་ཀྱང་ཁོང་གི་ཕེབས་རྗེས་སུ་འབྲངས་ཏེ་བཙན་བྱོལ་དུ་འབྱོར་བ་རེད།
འདི་ལོ་ཕྱི་ཟླ་དང་པོའི་ནང་ཕྲན་རང་མོན་རྟ་དབང་ལ་བསྐྱོད་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ལམ་དེ་དག་དངོས་སུ་མཇལ་ཏེ་བསམ་བརྗོད་མི་ཤེས་པའི་སེམས་འགུལ་ཞིག་ཐེབས་བྱུང་། དེ་བཞིན་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་འབྱོར་ས་འབུམ་སྡེ་ལ་དང་ཀྲུ་ཀྲིང་ལའང་འགྲོ་རྒྱུ་བྱུང་ཞིང་། བློ་ཕམ་པར་དེ་སྐབས་ཀྱི་མི་རབས་རྒན་པ་མང་པོ་ད་ལྟ་འཚོ་བཞུགས་མེད། དེ་མཚུངས་བོད་ནང་ལའང་གཞིས་བྱེས་མཉམ་འཛོམས་སམ་རང་དབང་གི་གོ་སྐབས་མ་བྱུང་གོང་མི་རབས་རྒན་པ་མང་པོ་འདས་ཟིན་པ་རེད། འོན་ཀྱང་མི་རབས་གོང་མ་དེ་དག་གི་རེ་བ་དང་འདུན་པ་རྣམས་སོ་སོའི་བུ་ཚར་རྣམས་ཀྱི་དུས་སུ་གསོན་པོར་གནས་པ་མ་ཟད་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་ནི། དགའ་སྤོབས་བྱ་འོས་པ་ཞིག་ཏུ་མཐོང་།

ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བཀའ་ཤག་གིས་རྗེས་དྲན་གུས་བཏུད་ཞུ་རྒྱུ་ཡིན།
རྒྱ་མིས་བོད་བཙན་བཟུང་བྱས་ཏེ་ལོ་དྲུག་ཅུ་ལྷག་བརྒལ་ཡང་གཞིས་བཞུགས་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད། དེ་ཡང་ཐོག་མར་ཕྱི་ལོ་ ༡༩༥༠ ང་གྲངས་ནང་ཁམས་དང་ཨ་མདོའི་ནང་བྱུང་བའི་བཙན་རྒོལ་གྱི་ལས་འགུལ་དང་། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་ལྷ་སར་ངོ་རྒོལ་རྔམ་སྟོན། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནང་བྱུང་བའི་ཞི་བའི་གྱེན་ལངས། ད་ལྟའི་རང་ལུས་མེར་སྲེག་གི་དོན་རྐྱེན་བཅས་ཀྱི་ལམ་ནས་བོད་མིའི་བདེན་དོན་འཐབ་རྩོད་མི་རབས་ནས་མི་རབས་བར་མུ་མཐུད་གནས་པ་མ་ཟད། ད་ལྟའི་ཆར་གཞིས་བྱེས་གཉིས་ཀའི་ནང་མི་རབས་གཞོན་པ་ཚོས་ལས་འགུལ་སྣེ་འཁྲིད་བྱེད་བཞིན་པ་རེད། ལོ་ཤས་གོང་ཨ་མདོ་ཆབ་ཆར་སློབ་ཕྲུག་ཚོས་སློབ་ཁྲིད་བརྒྱུད་ལམ་བོད་ཡིག་བཞག་དགོས་པའི་རེ་འདུན་བཏོན་ཡོད། སྔ་ལོ་འབྲི་རུར་བོད་མི་ཚོས་ཁང་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུའི་བཙན་བཀར་མོས་མཐུན་མ་བྱས་པ་དང་། མལ་གྲོ་གུང་དཀར་ནང་རྒྱ་མའི་གཏེར་ཁ་སྔོག་འདོན་གྱི་རྐྱེན་པས་མི་མང་པོའི་ཚེ་སྲོག་དང་ཁོར་ཡུག་གཏོར་བཤིག་ཇི་བྱུང་བཅས་ཀུན་གྱིས་མཁྱེན་གསལ་ལྟར་ཡིན། དེ་དག་གིས་”བོད་ནང་བོད་མི་ཉུང་ཤས་མ་གཏོགས་བདེ་སྐྱིད་ངང་ཡོད་”ཅེས་པའི་རྒྱ་གཞུང་གི་དྲིལ་བསྒྲགས་དེའི་རྫུན་ཕུགས་གཏོལ་ཡོད་པ་སྨོས་ཅི་དགོས།

ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ཆོལ་ཁ་གསུམ་ནང་རང་ལུས་མེར་སྲེག་གནང་མཁན་ ༡༢༦ བྱུང་ཡོད། ང་ཚོས་ཚབས་ཆེའི་ལས་འགུལ་འདི་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་རིམ་པ་ཞུས་ཀྱང་རང་ལུས་མེར་སྲེག་མུ་མཐུད་འབྱུང་བཞིན་པ་རེད། རང་ལུས་མེར་སྲེག་གནང་རྒྱུར་ང་ཚོས་མོས་མཐུན་བྱེད་ཀྱི་མེད་ནའང་ཁོང་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༩ ཉིན་དགེ་འདུན་པ་ཚུལ་ཁྲིམས་རྒྱ་མཚོས་རང་ལུས་མེར་སྲེག་གནང་སྐབས། མིག་ཆུ་གསེར་གྱི་ཐིགས་པ། ཞེས་པའི་ཞལ་ཆེམས་བཞག་པའི་ནང་”ཁྱེད་ཀྱིས་གསན་ནམ། ཁྱེད་ཀྱིས་མཐོང་ངམ། ཁྱེད་ཀྱིས་ཐོས་སམ། བོད་མི་ས་ཡ་དྲུག་གི་སྡུག་བསྔལ་འདི་སུ་ལ་ཞུ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་རང་ཡུལ་ལ་ཕེབས་རྒྱུའི་ཆེད་དང་། པཎ་ཆེན་སྣང་བ་མཐའ་ཡས་བཙོན་གྲོལ་ཐོབ་པའི་ཆེད། བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་རང་ལུས་མེར་མཆོད་བཏང་བ་ཡིན།” ཞེས་སོགས་འཁོད་འདུག གཞིས་བཞུགས་བོད་མིའི་རྒྱལ་གཅེས་ཀྱི་སྙིང་སྟོབས་ལ་བཀའ་ཤག་གིས་གུས་བཏུད་དང་སྦྲགས་ཁོང་ཚོའི་དཀའ་སྡུག་སེལ་ཐབས་ལ་འབད་རྩོལ་མུ་མཐུད་བྱ་རྒྱུ་ཡིན། ཞི་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་གང་མྱུར་སེལ་ཐབས་བྱ་རྒྱུ་བཀའ་ཤག་གི་དམིགས་ཡུལ་གཙོ་བོ་ཡིན། དེ་དང་ཆབས་ཅིག་ལོ་མང་པོའི་བར་བོད་དོན་འཐབ་རྩོད་མུ་མཐུད་བྱ་དགོས་བྱུང་བ་ཡིན་ན། དེ་ལྟར་མུ་མཐུད་གནས་ཐུབ་པ་བྱ་རྒྱུའི་ཕུགས་རིང་གི་ཐབས་བྱུས་ཤིག་ཀྱང་དགོས་པ་ཡིན།

ཕྱི་ལོ་ ༢༠༢༠ ཟིན་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་བྱས་ཏེ་ལོ་བདུན་ཅུ་འགྲོ་རྒྱུ་ཡིན་པ་དང་། དེ་དུས་དེ་སྔའི་རང་དབང་གི་བོད་མཐོང་མྱོང་མཁན་གྱི་མི་རབས་ཧ་ཅང་ཉུང་དུ་འགྲོ་རྒྱུ་ཡིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་དགུང་གྲངས་བརྒྱད་ཅུ་གྱ་ལྔར་ཕེབས་རྒྱུ་དང་། བོད་མི་རིགས་ཀྱི་གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་སུ་བླ་ན་མེད་པའི་དབུ་འཁྲིད་ལམ་སྟོན་མཛད་ནས་ལོ་ངོ་བདུན་ཅུ་ཧྲིལ་པོ་འཁོར་རྒྱུ་རེད། དེར་བརྟེན་གཞིས་བྱེས་གཉིས་ཀའི་ནང་མི་རབས་གཞོན་པ་ཚོས་གདོང་ལེན་བྱ་དགོས་པའི་གནས་སྟངས་མང་པོ་ཡོང་རྒྱུ་ཡིན། བོད་ནང་ལ་ཆ་མཚོན་ན་དེ་སྔའི་རང་དབང་གི་བོད་རྒྱུས་མངའ་མེད་པའི་མི་རབས་འབའ་ཞིག་ཆགས་རྒྱུ་དང་། ཕྱོགས་མཚུངས་བཙན་བྱོལ་སྤྱི་ཚོགས་ནང་ཡང་དེ་ལྟར་ཆགས་རྒྱུ་ཡིན། ཁྱད་པར་བཙན་བྱོལ་བོད་མིའི་མི་འབོར་ནི་བོད་མི་ས་ཡ་དྲུག་གི་བརྒྱ་ཆ་ ༢་༥ ལས་ཟིན་གྱི་མེད་པ་དེ་དག་ཀྱང་རྒྱ་གར་ཁུལ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་མང་ཉུང་འདྲ་མཉམ་ལྟ་བུ་ཆགས་རྒྱུ་ངེས་པར་སྣང་།

བཙན་བྱོལ་གྱི་གནས་སྟངས་ནི་ངེས་པ་མེད་པའི་རང་བཞིན་དང་། བཙན་བཟུང་ནི་མི་རིགས་ཀྱི་ངོས་འཛིན་རྩ་མེད་འགྲོ་ཉེན་ཆེ་བའི་ཛ་དྲག་གི་གནས་སྟངས་ཤིག་ཡིན་པར་བརྟེན། གཞིས་དང་བྱེས་ཀྱི་གནས་བབ་མི་འདྲ་བའི་འོག་འཚར་ལོངས་བྱུང་བའི་མི་རབས་གསར་པ་ཚོར་བོད་དོན་འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་བྱ་དགོས་པའི་འགན་འཁྲི་བབས་ཡོད།
དེ་ཡང་ཕུགས་རྒྱང་རིང་པོའི་ཐབས་བྱུས་ཀྱི་ཚུལ་དུ་བོད་མིའི་སྤྱི་ཚོགས་ཀྱི་བསམ་བློའི་འཁྱེར་ཕྱོགས་དང་ལག་ལེན་གཉིས་ཀའི་ཐོག་ནས་རང་རྐྱ་འཕེར་བའི་རང་ཁ་རང་གསོ་ཡོང་ཐབས་བྱ་དགོས། ལོ་ལྔ་བཅུ་ལྷག་ཕྱིན་པའི་འཐབ་རྩོད་ལམ་ལྷོང་ཡོང་བར་མི་གཞན་གྱི་རོགས་སྐྱོར་ཁོ་ནར་བརྟེན་ན་འགྲིག་ཐབས་མེད་ཅིང་། ད་ཆ་ང་ཚོས་གདེང་སྤོབས་ལྡན་པའི་སྒོ་ནས་འགོ་འཁྲིད་ཀྱི་ལས་འགན་ཁུར་ཐུབ་པ་བྱ་དགོས་པ་ཡིན། དེ་འདྲ་སོང་ཙང་སྤྱི་སྒེར་གཉིས་ཀས་ནུས་པ་མཉམ་རུབ་བྱ་རྒྱུའི་དུས་ལ་སླེབས་ཡོད།

དེ་ལྟར་ཡོང་བར་ཤེས་ཡོན་ནི་རྨང་གཞི་ཡིན། གནའ་དེང་གི་ཤེས་ཡོན་ཟུང་དུ་འབྲེལ་ཏེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་པོའི་གཞུང་བསྲངས་ཏེ་བོད་མིའི་བདེན་དོན་འཐབ་རྩོད་རྒྱུན་སྐྱོང་བྱ་དགོས། སྤྱི་ཚོགས་ཤེས་ཡོན་ལྡན་པ་ཞིག་བྱུང་ན་རང་ཁ་རང་གསོ་ཡོང་ཐུབ་པ་དང་། ནུས་འཇོན་ལྡན་ཞིང་འཛིན་སྐྱོང་ཚགས་ཚུད་པ། དེ་བཞིན་བོད་མིའི་བདེན་དོན་འཐབ་རྩོད་ལའང་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་སྔར་ལྷག་ཐོབ་རྒྱུ་ངེས་པ་རེད།

བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏད་བཅོལ་ཡུལ་གྱི་སྲོག་ཤིང་ལྟ་བུ་ཡིན་སྟབས། ༧གོང་ས་མཆོག་དང་སྒྲིག་འཛུགས་དེ་ལས་ལྷག་པ་ཞིག་མེད་སྟབས་ཆིག་སྒྲིལ་གྱི་ནུས་པ་མ་ཉམས་པ་བྱེད་རྒྱུ་ནི་དོན་གྱི་སྙིང་པོ་ཡིན། མི་རབས་གཞོན་པ་ཚོས་འགན་ཁུར་མང་ཙམ་བླང་རྒྱུར་གཞེན་སྐུལ་ཞུ་རྒྱུ་དང་། གསར་གཏོད་རང་བཞིན་ཅན་གྱི་ལས་འཆར་དང་སྲིད་བྱུས་ཁག་མུ་མཐུད་སྤེལ་རྒྱུ་ཡིན།
ཉེ་སྔོན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག་པར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞི་བཟུང་མིང་དོན་མཚུངས་པའི་རང་སྐྱོང་གི་ལམ་ནས་བོད་ནང་ཆབ་སྲིད་དྲག་གནོན་གྱི་ཚབ་ཏུ་མང་ཚོགས་ཀྱི་གཞི་རིམ་རང་དབང་དང། དཔལ་འབྱོར་དབྱེ་འབྱེད་ཀྱི་ཚབ་ཏུ་དཔལ་འབྱོར་ཡར་རྒྱས། སྤྱི་ཚོགས་དབྱེ་འབྱེད་ཀྱི་ཚབ་ཏུ་སྤྱི་ཚོགས་འདྲ་མཉམ། རིག་གཞུང་རྩ་གཏོར་གྱི་ཚབ་ཏུ་རིག་གནས་སྲུང་སྐྱོབ། ཁོར་ཡུག་གཏོར་གཤིག་གི་ཚབ་ཏུ་ཁོར་ཡུག་སྲུང་སྐྱོབ་བཅས་ཡོང་ཐབས་བྱེད་བཞིན་ཡོད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་བཟང་ཤོས་ཡིན་སྟབས་མུ་མཐུད་དམ་འཛིན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་འཁྲིད་པའི་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་དངོས་ཡོད་གནས་སྟངས་དང་འཚམས་པའི་སྲིད་བྱུས་འདིའི་གལ་འགངས་ཤེས་རྟོགས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།
ད་བར་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ལ་ཤ་ཚ་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་། གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གང་ཟག་སྒེར་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱད་པར་རྒྱ་གར་གཞུང་མང་གཉིས་ནས་ད་བར་གཡོ་བ་མེད་པའི་མཐུན་འགྱུར་རོགས་རམ་གནང་བར་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན།

དགའ་སེམས་འཁོལ་བའི་ངང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཞུ་རྒྱུར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༤ འདི་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་དང་ཆབས་ཅིག འདི་ལོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ཉེར་ལྔ་འཁོར་བའི་དུས་ཚིགས་ཀྱང་འཁེལ་གྱི་ཡོད་པ་སྲུང་བརྩི་ཟབ་རྒྱས་ཞུ་རྒྱུ་ཡིན། དེ་མཚུངས་འདི་ལོ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ཉེར་ལྔར་ཕེབས་པའི་འཁྲུངས་སྐར་ཡང་སྲུང་བརྩི་ཞུ་རྒྱུ་ཡིན།
ད་ལྟའི་ཆར་ཆོལ་གསུམ་བོད་རིགས་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱི་གནས་ཚད་མཐོ་ཤོས་སུ་སླེབས་ཡོད་པ་དང་། གཞིས་བྱེས་གཉིས་བསམ་འདུན་གཅིག་གྱུར་ཡིན་པ་མ་ཟད། ང་ཚོས་མུ་མཐུད་ཆོད་སེམས་བརྟན་པོའི་སྒོ་ནས་འབད་བརྩོན་བྱས་ན་ནམ་ཞིག་བོད་དོན་བདེན་མཐའ་གསལ་རྒྱུ་ངེས་པ་ཡིན།

གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ལ་ཞུ་རྒྱུར། ང་ཚོའི་མདུན་དུ་ལྷག་པའི་དཀའ་ངལ་དང་འཐབ་རྩོད་ཀྱི་འགྲུལ་བཞུད་ཇི་ལྟར་རིང་ཡང་རྒྱལ་ཁ་འཐོབ་རྒྱུ་ངེས་པ་ཡིན། ཉེ་སྔོན་རྟ་དབང་ཁུལ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ང་ཚོའི་ཕ་མེས་རྣམས་བཙན་བྱོལ་དུ་འབྱོར་སའི་ཕེབས་ལམ་མཇལ་རྒྱུ་བྱུང་བ་དང་། ཕར་ཕྱོགས་ཀྱི་བོད་ཀྱི་བརྗིད་ཆགས་རི་བོ་དེ་དག་ཀྱང་མཐོང་བྱུང་ལ། བོད་ལ་ཕྱིར་ལོག་འགྲོ་སའི་ལམ་ཤུལ་ཡང་མཐོང་ཐུབ་པ་ནི་རྟེན་འབྲེལ་དུ་སེམས།
མཐའ་དོན་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་སྔར་ལྷག་རྒྱས་པ་དང་། ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༠ ལ།། །།

Share with your friends










Submit