ཟླ་བ་ ༡༠ ཚེས ༢༢ ༢༠༡༣
   Posted in གསར་གནས།
Published By b

༢༠༡༣ ཟླ་ ༡༠ ཚེས་ ༢༢ རེས་གཟའ་མིག་དམར།

day22 day2༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཀྱི་བྷེ་ཀོན་ཚོགས་ཁང་ Beacon Theater ཆེན་མོར་ཤེས་རབ་སྙིང་པོའི་ཆོས་འབྲེལ་འཕྲོ་སྐྱོང་མཛད། དེ་ཡང་སྐབས་དེར་ཐོག་མར་རྭ་སྟོད་མཁན་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ལ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། རྒྱ་རིགས་ནང་པའི་དགེ་འདུན་པ་ཁག་གཅིག་གིས་རྒྱ་སྐད་ཐོག་ཤིས་བརྗོད་བཏོན། དེ་རྗེས་༸གོང་ས་མཆོག་གིས་ཤེས་རབ་སྙིང་པོའི་ཆོས་འབྲེལ་མུ་མཐུད་འཕྲོ་སྐྱོང་མཛད། ཤེས་རབ་སྙིང་པོའི་ཆོས་འབྲེལ་ཡོངས་སུ་ལེགས་གྲུབ་རྗེས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ལིའུ་དགུ་པའི་ཆོས་འབྲེལ་མཇུག་སྐྱོང་མཛད།

ཉིན་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་བྷུར་ཡ་ཏིའི་དགེ་འདུན་པ་ཁག་གཅིག་གིས་ཡུལ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་རྗེས་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༩༧ ལོར་བྷུར་ཡ་ཏིར་ཆིབས་སྒྱུར་བསྐྱངས་སྐབས་བྷུར་ཡ་ཏིའི་དགེ་འདུན་པ་ཚོས་སྐབས་དེར་བོད་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གི་འདུག འོན་ཀྱང་དེ་རིང་འདིར་ཁོང་རྣམ་པས་ཡུལ་སྐད་ཐོག་བཏོན་པ་རེད། ཞེ་དྲག་ཡག་པོ་རེད། ཅེས་བསྔགས་བརྗོད་མཛད་ནས་མུ་མཐུད་ཆོས་འབྲེལ་སྩལ་དོན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདེན་པ་གཉིས་གཞི་རྩར་བཞག་ནས་གསུངས་ཡོད། དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི། སྤྱོད་འཇུག་ལིའུ་དགུ་པ་ཤེར་ཕྱིན་ནང་། ཀུན་རྫོབ་དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །དེ་ལ་འཇིག་རྟེན་རྣམ་གཉིས་མཐོང་། །རྣལ་འབྱོར་པ་དང་ཕལ་པའོ། ཞེས་སོགས་ཀྱི་ལུང་འདྲེན་མཛད་ནས་སྤྱོད་འཇུག་ཆོས་འབྲེལ་མཛད། དེ་རྗེས་མང་ཚོགས་རྣམས་ཀྱིས་དྲི་བར་བཀའ་ལན་སྩལ། ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་དཀའ་དབང་སྩལ་བ་དང་སྦྲགས་ཆོས་འབྲེལ་རེ་ཞིག་མཇུག་སྒྲིལ་མཛད་ཡོད་པ་བཅས།།

Share with your friends










Submit