ཟླ་བ་ ༡༠ ཚེས ༡༡ ༢༠༡༣
Published By b

༢༠༡༣ ཟླ་ ༡༠ ཚེས་ ༡༡ རེས་གཟའ་པ་སངས།

2013-10-10-Atlanta-G08༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནང་རྟེན་གཞི་བྱས་པའི་ (Emory University) ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ནང་མང་ཚོགས་སྟོང་ཚོ་བརྒལ་བར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དགེ་ལྡན་ཕྱག་རྒྱ་ཆེན་མོའི་ཆོས་འབྲེལ་སྐབས་བཀའ་སློབ་དང་འབྲེལ་ཕྱག་རྒྱ་ཆེན་མོ་ངོ་སྤྲོད་མཛད་དོན། དེ་རིང་ངོས་ཀྱིས་ཁྱེད་རང་ཚོར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དགེ་ལྡན་ཕྱག་རྒྱ་ཆེན་མོའི་ཆོས་འབྲེལ་བྱ་རྒྱུ་ཡིན། དེ་རིང་ཆོས་འཆད་ཡུལ་འདི་བཞིན་ནང་པའི་རྒྱལ་ཁབ་ཅིག་མིན་སྟབས། ནང་པ་མ་ཡིན་པའི་རིགས་ཀྱང་ཆོས་ཞུ་བའི་ཁོངས་སུ་ཡོད་སྲིད། སྤྱིར་བཏང་ཁྱེད་རང་ཚོས་རང་ཉིད་ཀྱི་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་ཀྱི་རྗེས་སུ་འབྲང་ན་ཧ་ཅང་བརྟན་པོ་ཡོད།

འོན་ཀྱང་ཆོས་ལུགས་གང་འདྲ་ཞིག་གི་རྗེས་སུ་འབྲང་ཡང་གཞན་གྱི་ཆོས་ལུགས་ལ་སྙིང་ཐག་པ་ནས་གུས་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་རིང་ཆོས་འབྲེལ་བྱ་རྒྱུ་ཕྱག་རྒྱ་ཆེན་མོ་དེ་མདོ་སྔགས་གཉིས་ལས་སྔགས་ཆགས་ཀྱི་ཡོད། དེ་ཡང་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་གྱི་ཁོངས་སུ་གཏོགས་ཀྱི་ཡོད། གསང་སྔགས་བླ་མེད་ཀྱི་ཁྱད་ཆོས་གཙོ་བོ་ནི་ཕྲ་བའི་སེམས་ཀྱིས་སྟོང་པ་ཉིད་སྒོམ་པའི་ནུས་པ་གོང་འཕེལ་དུ་གཏོང་རྒྱུ་དེ་ཡིན། སེམས་རགས་པས་སྟོང་ཉིད་སྒོམ་རྒྱུ་ལས་སེམས་ཕྲ་བས་སྟོང་ཉིད་སྒོམ་རྒྱུ་དེ་ཧ་ཅང་ནུས་པ་ཆེ་བ་ཡོད། མདོར་ན། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུའི་དགོས་དམིགས་གཙོ་བོ་ནི་གཞན་དོན་མཐར་ཕྱིན་བསྒྲུབ་རྒྱུ་དེ་ཆགས་ཀྱི་ཡོད། དེ་ཡང་སྐུ་གསུང་ཐུགས་ངོ་བོ་དབྱེར་མེད་སྒོ་ནས་ཡོང་དགོས་པ་ལས་ཐུགས་མཁྱེན་པའི་ཡོན་ཏན་ཁྱབ་ཡུལ་དུ་སྐུ་གསུང་གི་ཡོན་ཏན་གྱིས་མ་ཁྱབ་ན་འགྲིག་གི་མེད་སྟབས། གསང་སྔགས་བླ༌མེད་ཀྱི་གཞུང་ནས་གསང་གསུམ་མ་ཞིག་པར་རྒྱན་གྱི་འཁོར་ལོ་ཞེས་པའི་རྒྱུ་མཚན་ཡང་དེར་ཐུག་ཡོད། ཕྱག་རྒྱ་ཆེན་མོའི་གཞུང་གི་དགོངས་པ་མཐར་གཏུག་ནི་འོད་ཟེར་སྔོན་དུ་བྱེད་ཚུལ་དེ་ཡིན། དེའི་ཐོག་ས་དགེ་བཀའ་རྙིང་ནས་ཐ་སྙད་མི་འདྲ་བ་གསུངས་པ་ལས་བབ་ས་གཅིག་གྱུར་ཆགས་ཡོད། དེ་བཞིན་བོད་གངས་ཅན་ལྗོངས་ལ་ཡོད་པའི་ས་དགེ་བཀའ་རྙིང་རྣམས་ཀྱིས་ཕྱོགས་རིས་བྱས་ནས་བསྡད་ན་ཕལ་ཆེར་གྱོང་གུན་ལྟ་བུ་རེད། ཅེས་ངོ་སྤྲོད་དང་ལྷན་ཆོས་འབྲེལ་སྩལ་ཡོད། མགོན་པོ་གང་ཉིད་མཆོག་ཁུལ་དེའི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་ཕྱི་ཚེས་ ༡༡ ཉིན་ (Mexico) མེ་སི་ཁོ་ཁུལ་དུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས། །

Share with your friends










Submit